ལོ་14སོན་ཙམ་ནས་སྨྱུག་ཆས་སླ་བའི་ལག་རྩལ་སྦྱངས་པ་དང་། ལོ་27ལ་སླེབས་སྐབས་རང་མགོ་ཐོན་ནས་དགེ་ཕྲུག་ལ་སློབ་འགོ་ཚུགས། འདི་ལོ་ལོ་51ལ་སླེབས་པའི་གསུམ་མཆོག་ལྷ་མོ་སྨྱུག་ཆས་དང་ལས་འབྲེལ་བྱུང་ནས་ལོ་37ཙམ་འདས།
གསུམ་མཆོག་ལྷ་མོ་སློབ་གྲྭ་འགྲིམ་མྱོང་མེད་ཀྱང་། དགེ་རྒན་ཚེ་རིང་གི་མཛུབ་ཁྲིད་ཞིབ་ཚགས་ལ། ཁོ་མོ་རིག་པ་སྤྱང་ལ་བརྩོན་འགྲུས་ཆེ་བས། ལོ་གཉིས་ནང་སྨྱུག་ཆས་སླ་བའི་ལག་རྩལ་ཤེས། ད་ཆ་གསུམ་མཆོག་ལྷ་མོས་བསླས་པའི་སྨྱུག་ཆས་ལ་མང་ཚོགས་ཚོས་དགའ་པོ་བྱེད་པ་མ་ཟད། ད་དུང་མང་ཚོགས་27ལ་འབབ་འཕར་བྱུང་བར་སྐུལ་ཁྲིད་ཐུབ་ཡོད་པ་རེད།
2016ལོར་ལག་རྩལ་བྱང་ཆུབ་པའི་གསུམ་མཆོག་ལྷ་མོ་རང་ཉིད་ཀྱིས་བསླས་པའི་སྨྱུག་ཆས་འཁྱེར་ཏེ་བོད་ལྗོངས་འགྲེམས་ཚོགས་ལ་ཞུགས་པ་རེད། ཁོ་མོའི་བསམ་ཡུལ་ལས་འདས་པ་ཞིག་ལ་རང་ཉིད་ཀྱིས་བསླས་པའི་སྨྱུག་ཆས་དག་ཆུ་ཚོད་གཉིས་ཙམ་ལ་ཆ་ཚང་བྲིན། ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་2ཙམ་ཟིན་པས་ཁོ་མོ་དགའ་ཚོར་ཆེན་པོ་སྐྱེས་པ་དང་། ལྷོ་ཁ་གྲོང་ཁྱེར་གྱི་འབྲེལ་ཡོད་འགོ་ཁྲིད་ཀྱི་སྐུལ་ལྕག་ལས་ཁོང་གི་འབྱུང་འགྱུར་ལ་རེ་བས་ཁེངས།
2016ལོ་ནི་གསུམ་མཆོག་ལྷ་མོར་མཚོན་ན་གཏམ་དོན་གཉིས་འཛོམས་ཀྱི་ལོ་ཞིག་རེད། དཔྱད་འདེམས་བྱས་པ་བརྒྱུད། ཁོང་ལྷོ་ཁ་གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ལྷ་གསོལ་སྨྱུག་ཆས་སླ་མཁན་གྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པར་གཏན་འཁེལ་བྱས་པ་རེད། དེ་རྗེས་2017ལོར་གསུམ་མཆོག་ལྷ་མོ་རང་སྐྱོང་ལྗོངས་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པར་གཏན་འཁེལ་བྱས་པ་རེད།
“རྒྱུན་འཛིན་པ་ཞིག་གི་ངོས་ནས་ཕ་ཡུལ་མི་དམངས་ཀྱི་ཆེད་དུ་མཚན་སྙན་བརྩོན་ལེན་བྱེད་ཐུབ་པར་ང་རང་ཧ་ཅང་དགའ་པོ་བྱུང”ཞེས་གསུམ་མཆོག་ལྷ་མོས་སྤོབས་པ་ཆེན་པོས་བཤད།
གསུམ་མཆོག་ལྷ་མོ་སྡོད་སའི་རྒྱ་ཚ་རྫོང་ལྷ་གསོལ་ཤང་རྒྱུན་འགྲུལ་པ་གྲོང་ཚོ་ནི་ས་མ་འབྲོག་ཡིན་ཞིང་། དུས་རྒྱུན་སོ་ནམ་ལས་པ་དང་ཕྱུགས་འཚོ་བ་ཕུད། ཕྱིར་གླ་པར་བསྐྱོད་རྒྱུ་ནི་ས་གནས་དེ་གའི་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་བའི་ཐབས་ལམ་གཙོ་བོ་ཞིག་རེད།
ངལ་ནུས་ལྡན་པའི་སྐྱེས་པ་ཕྱི་ལ་ལས་ཀར་བསྐྱོད་རྗེས། གསུམ་མཆོག་ལྷ་མོས་གྲོང་ཚོའི་བུད་མེད་སྒྲིག་འཛུགས་བྱས་ནས་མཉམ་དུ་ལས་ཀ་བྱེད་པའི་བསམ་བློ་འཁོར། དེར་བརྟེན་ཁོང་གིས་གྲོང་ཚོའི་བུད་མེད་20སྒྲིག་འཛུགས་བྱས་ཏེ་རྒྱ་ཚ་རྫོང་རྫམ་དམངས་ཕྱུག་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་པ་རེད།
མཉམ་ལས་ཁང་བཙུགས་མ་ཐག་པའི་དུས་སུ་གསུམ་མཆོག་ལྷ་མོས་བྲིན་ཚོང་གི་འགན་འཁུར་དགོས་ལ། ལག་རྩལ་ཡང་སློབ་དགོས་པས་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད། འོན་ཀྱང་གྲོང་ཚོའི་བུད་མེད་ཚོར་ཡོང་འབབ་རག་ནས་ངོ་གདོང་ནས་འཛུམ་མདངས་འཕྱུར་བ་མཐོང་སྐབས་ཁོང་གི་སེམས་ལ་རང་ཉིད་ལ་དཀའ་ངལ་ཅི་ཙམ་འཕྲད་རུང་ཚང་མ་བྱེད་རིན་ཡོད་པ་ཞིག་རེད་སྙམ།
མཚམས་གཅོད་ནི་གསུམ་མཆོག་ལྷ་མོས་འཁྲིད་པའི་དགེ་ཕྲུག་དང་པོ་དེ་རེད། གསུམ་མཆོག་ལྷ་མོའི་སྣེ་ཁྲིད་འོག་ཁོ་མོའི་ཁྱིམ་ལ་ཡོང་འབབ་བརྟན་པོ་བྱུང་། “རྒན་ལགས་མི་ཧ་ཅང་བཟང་པོ་འདུག ཁོང་གིས་ང་ལ་སྨྱུག་ཆས་སླ་བའི་ལག་རྩལ་སློབ་པ་མ་ཟད། ད་དུང་རྟག་ཏུ་ངའི་ཁྱིམ་ལ་སྐྱོབ་གསོ་སྤྲད་དེ་ངའི་ཁྱིམ་གྱི་འཚོ་བར་རོགས་རམ་གནང་གི་ཡོད”ཅེས་གསུམ་མཆོག་ལྷ་མོའི་སྐོར་གླེང་སྐབས་མཚམས་གཅོད་ཀྱིས་སེམས་འགུལ་ཆེན་པོ་ཐེབས་བཞིན་བཤད་པ་དང་། ཁོ་མོས་གསར་འགོད་པར“རྒན་ལགས་ཀྱིས་ངའི་ཁྱིམ་ལ་རོགས་རམ་གནང་བ་མ་ཟད། ན་ནིང་ད་དུང་རང་ཉིད་ཀྱིས་སྒོར་ཁྲི་3བཏོན་ནས་གྲོང་ཚོའི་དུད་ཚང་དབུལ་པོ་12ལ་འཚམས་འདྲི་གནང་སོང”ཞེས་བཤད།
2017ལོར་གསུམ་མཆོག་ལྷ་མོས་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་དོན་གྲུབ་ལ་ཆ་སྒྲིག་རོགས་སྐྱོར་བྱས་པ་རེད། གསུམ་མཆོག་ལྷ་མོས་དོན་གྲུབ་ལ་སྨྱུག་ཆས་སླ་བའི་ལག་རྩལ་བསླབས་པ་མ་ཟད། 2019ལོར་ད་དུང་མ་དངུལ་སྒོར་1500བཏང་ནས་ཁོ་པར་དབྱར་རྩྭ་དགུན་འབུ་སྔོག་འཐུའི་ལག་ཁྱེར་གཉེར་བ་རེད། དབྱར་རྩྭ་དགུན་འབུ་འཐུ་བ་དང་སྨྱུག་ཆས་སླ་བར་བརྟེན་ནས་དོན་གྲུབ་དབུལ་པོའི་གནས་ལས་གྲོལ་ཏེ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་བ་རེད།
“དོན་གྲུབ་གཟུགས་པོ་སྐྱོ་ལ་མི་ཧྲེང་ཡིན་པས་འཚོ་བ་ཧ་ཅང་སྐྱོ་པོ་ཡོད” “ཏང་དང་སྲིད་གཞུང་གི་ཐུགས་ཁུར་འོག་ཁོ་པ་དབུལ་སྒྲོལ་བྱུང་ནས་འཚོ་བ་ཡག་པོ་ཞིག་སྐྱེལ་རྒྱུ་བྱུང་བས་ང་ཚོ་ཚང་མ་དགའ་པོ་བྱུང”ཞེས་གསུམ་མཆོག་ལྷ་མོས་བཤད།
གསུམ་མཆོག་ལྷ་མོས་སྨྱུག་ཆས་སླ་བའི་ཁར་དབྱར་རྩྭ་དགུན་འབུ་ཡང་བཏུས་ན་ཁྱིམ་ལ་ལོ་རེར་ཡོང་འབབ་སྒོར་ཁྲི་7ཙམ་ཡོང་གི་འདུག བུ་མོ་གཉིས་སློབ་ཆེན་ཐོན་པ་མ་ཟད། གཉིས་ཀར་ཡོང་འབབ་བརྟན་པོ་ཡོད། བུ་ཕྲུག་འཇོན་ཐང་ཆེ་བས་་ཕ་མས་སེམས་ཁྲལ་བྱེད་མི་དགོས། ང་ལ་མཚོན་ན་འགྲོ་སོང་མང་པོ་གཏོང་མི་དགོས་པས་དངུལ་ལྷག་མས་མི་གཞན་ལ་རོགས་རམ་གང་ཐུབ་བྱེད་ཆོག་ཅེས་གསར་འགོད་པར་བཤད།
“གྲོང་མི་ཚོ་ཞིང་དལ་སྐབས་མཉམ་ལས་ཁང་དུ་སྨྱུག་ཆས་སླ་བར་ཡོང་བས་ཉིན་གཅིག་ལ་ཡོང་འབབ་སྒོར་160རག་གི་ཡོད། དེ་མིན་ཁོ་ཚོ་རང་ཉིད་ཀྱིས་ཀྱང་བསླས་ནས་འཚོང་ཆོག”ཅེས་གསུམ་མཆོག་ལྷ་མོས་གསར་འགོད་པར་བཤད།
2020ལོར་མཉམ་ལས་ཁང་ལ་ཡོང་འབབ་སྒོར་ཁྲི་10བྱུང་ཞིང་། འདི་ལོ་གསུམ་མཆོག་ལྷ་མོའི་སྔོན་དཔག་ལྟར་ན་ཡོང་འབབ་ན་ནིང་ལས་མང་དུ་འགྲོ་རེ་ཡོད་ལ། ཁོ་མོས་མུ་མཐུད་དུ་འབད་པ་བྱས་ན་འཚོ་བ་ཇེ་ལེགས་དང་ཡོང་འབབ་ཇེ་མང་འགྲོ་ངེས་ཡིན་པའི་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད་པ་རེད།