དབུ་ཤོག>ཆེད་སྒྲིག
  • ལས་འགན་ཕྲག་ཏུ་འཁུར། དམངས་ལ་ཞབས་འདེགས་ཞུས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-24

    སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་གྲོང་རྡལ་རྣམ་པར་གྲོང་ཚོར་དོན་གྲུབ་ཚེ་རིང་གིས་རྣམ་པར་གྲོང་ཚོའི་གྲོང་དོན་ལྟ་སྐུལ་ཨུ་ཡོན་དང་། ཏང་ཀྲི་པུའུ་དྲུག་པའི་ཧྲུའུ་ཅི། ཞིང་འབྲོག་པའི་སྒྲོག་འགྲེལ་པ་སོགས་ཀྱི་ལས་འགན་མང་པོ་འཁུར་བ་དང་ཁོང་གིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དེ་རང་ཉིད་གཞིས་ཚུགས་པའི་རྩ་བར་བརྩི་གི་ཡོད།

    གྲོང་དོན་ལྟ་སྐུལ་ཨུ་ཡོན་ཞིག་ཡིན་པའི་ཁོང་གིས་གྲོང་ཚོའི་མཉམ་སྡེབ་དང་མང་ཚོགས་ཀྱི་ཁེ་ཕན་ཧུར་ཐག་བསྲུངས་ནས། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་བྱེད་སྤྱོད་མཐའ་དག་ལ་ངོ་རྒོལ་བྱེད་ཀྱི་ཡོད། གཞི་རིམ་གྱི་སྒྲོག་འགྲེལ་པ་ཞིག་བྱེད་སྐབས་ཁོང་གིས་ཉེ་འགྲམ་གྱི་གསོན་ཉམས་དོད་པའི་དཔེ་མཚོན་སྤྱད་དེ་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་དཔོག་དཀའ་བའི་ནང་དོན་གསོན་ཉམས་དོད་པོས་བརྗོད་དེ་སྒྲོག་འགྲེལ་གྱི་ཚ་རླབས་འཕྱུར་བ་དང་སྒྲོག་འགྲེལ་གྱི་ནང་དོན་མང་ཚོགས་ཚང་མས་ཤེས་བདེ་པོ་ཡོང་བ་བྱས་ཡོད།

    2017ལོར། དོན་གྲུབ་ཚེ་རིང་གྲོང་མིས་གྲོང་དོན་ལྟ་སྐུལ་ཨུ་ཡོན་ལ་འོས་འདེམས་བྱས་ཤིང་། རྣམ་པར་གྲོང་ཚོའི་བྱ་བ་ཆེ་ཆུང་ཚང་མར་གྲོང་དོན་ལྟ་སྐུལ་ཨུ་ཡོན་གྱིས་རང་འགུལ་ངང་ཞུགས་ནས་ཐག་གཅོད་བྱེད་ཀྱི་ཡོད། ན་ནིང་རྣམ་པར་གྲོང་ཚོའི་ཚོགས་ཆུང་དྲུག་པར་གཞུང་ལམ་དང་། ཟམ་པ། དེ་བཞིན་ཆུ་འགྲོའི་ལས་གྲྭ་ལག་ལེན་བསྟར་བས་དོན་གྲུབ་ཚེ་རིང་གིས་རྣམ་གྲངས་མཇུག་མ་འགྲིལ་བར་ཉིན་ལྟར་རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ་དུ་བསྐྱོད་དེ་ལག་བསྟར་བྱས་ཚུལ་ལ་ལྟ་བར་འགྲོ་གི་ཡོད། “གྲོང་དོན་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གི་སྒོ་བྱང་མཐོང་རིམ་བཞིན་ངས་རང་ཉིད་ལ་རེ་བ་ནན་པོ་འདོན་པ་མ་ཟད། ད་དུང་རང་འཁྲིའི་ལས་འགན་ཡག་པོ་སྒྲུབ་དགོས་པའི་དྲན་སྐུལ་ཡང་བྱེད་ཀྱི་ཡོད། གྲོང་མིས་ང་ཚོ་ལྟ་སྐུལ་ཨུ་ཡོན་ལ་བདམས་པས། ང་ཚོས་ཁོང་ཚོའི་ལྟ་སྐུལ་པ་ཡག་པོ་ཞིག་བྱེད་དགོས”ཞེས་དོན་གྲུབ་ཚེ་རིང་གིས་བརྗོད།

    གྲོང་ཚོའི་གྲོང་དོན་ལྟ་སྐུལ་ཨུ་ལྷན་ལ་ཟླ་རེར་གླ་ཕོགས་སྒོར་1000ཡས་མས་ལས་མེད་རུང་མི་མང་པོར་ཕོག་ཐུག་གཏོང་བའི་ལས་ཀ་ཞིག་རེད།

    གཤིས་རྒྱུད་དྲང་བའི་དོན་གྲུབ་ཚེ་རིང་གིས་གྲོང་དོན་ལྟ་སྐུལ་གྱི་འབྲེལ་ཡོད་ལས་དོན་་གཉེར་སྐབས་ཐབས་ཇུས་ཁྲོད་ཀྱི་ལུགས་མཐུན་མིན་པ་ཤོད་ཕོད་པ་མ་ཟད། གྲོང་མིའི་དཔལ་འབྱོར་གྱི་ཁེ་ཕན་ལ་གནོད་པའི་བྱེད་སྤྱོད་ལ་ཁ་གཏད་ཀྱང་གཅོག་ནུས་ཀྱི་ཡོད། དེ་སྔ་གྲོང་མི་ཁ་ཤས་ཀྱིས་མི་འདོད་པའི་རྣམ་འགྱུར་བསྟན་རུང་། ཁོང་གིས་སྔར་བཞིན་བློ་གཅིག་སེམས་གཅིག་གིས་བྱ་བ་ཚང་མ་ཡག་པོ་བསྒྲུབས་པ་ལས་མི་སྒེར་གྱི་ཐོབ་ཤོར་ལ་སྣང་བ་མ་བཏང་བར་དམངས་ཀྱི་ཆེད་དུ་ལས་ཀ་བྱེད་ཀྱི་ཡོད། དོན་གྲུབ་ཚེ་རིང་གིས་ང་ནི་ཏང་ཡོན་ཞིག་ཡིན་པས། གཏམ་སྤྱོད་གང་ཡིན་ཡང་ཚང་མས་ལྟ་བཞིན་ཡོད་པ་དང་གྲོང་མི་ཚོས་ང་བདམས་པས་ངས་ངེས་པར་དུ་ཚང་མའི་གདམ་གར་ངོ་གནོང་མི་དགོས་པ་ཞིག་བྱ་རྒྱུ་ཡིན་ཞེས་བཤད།

    2017ལོར་དོན་གྲུབ་ཚེ་རིང་ཞིང་འབྲོག་པའི་སྒྲོག་འགྲེལ་པར་གྱུར། གཞི་རིམ་དུ་སྒྲོག་འགྲེལ་བྱེད་པ་ནི་ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་གཞི་རིམ་དུ་ཁྱབ་གདལ་གཏོང་བ་དང་མི་སེམས་སུ་ཟུག་པའི་ཐབས་ཤེས་གལ་ཆེན་ཞིག་ཡིན་པས། སྒྲོག་འགྲེལ་པས་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་དང་སྲིད་ཇུས་ཁག་ཁོང་དུ་ཆུད་དགོས་པ་མ་ཟད། གཞི་རིམ་ལའང་རྒྱུས་མངའ་ལོན་དགོས། ཡང་སྙིང་ཇི་ལྟར་བྱས་ནས་སྒྲོག་འགྲེལ་བྱས་ཚེ། གཞི་རིམ་མང་ཚོགས་ཀྱིས་གཞི་ནས་གོ་ཐུབ། འདི་ནི་དོན་གྲུབ་ཚེ་རིང་གིས་བསམ་བློ་ཡུན་རིང་གཏོང་བའི་གནད་དོན་ཞིག་རེད། སྒྲོག་འགྲེལ་དང་ལག་ལེན་དངོས་ནས་ཁོང་གིས་གཞི་རིམ་མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་སྒྲོག་འགྲེལ་གྱི་ཐབས་ལམ་ཞིག་རིམ་བཞིན་འཚོལ་ཞིབ་ཐུབ། དོན་གྲུབ་ཚེ་རིང་གིས་སྒྲོག་འགྲེལ་མ་བྱས་གོང་སྒྲོག་འགྲེལ་གྱི་ནང་དོན་སློབ་སྦྱོང་དང་ཁོང་དུ་གཏིང་ཟབ་ཆུད་པ་བྱས་ནས་བྱེད་ཕྱོགས་དང་། སྲིད་ཇུས། གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་བཅས་ནང་སེམས་ལ་ཟུག་པ་དང་ཕྱིའི་བྱ་སྤྱོད་ཐོག་འཁྱོལ་བ་བྱས་ཏེ། ཁ་བརྡ་གློད་པའི་རྣམ་པའི་ཐོག་ནས་མང་ཚོགས་ཀྱིས་རྒྱུས་མངའ་ཆེ་བའི་མི་དང་དཔེ་མཚོན་ལ་བརྟེན་ཏེ། མང་ཚོགས་ཀྱིས་འབྲེལ་ཡོད་དགོངས་དོན་ཤེས་གང་ཐུབ་བྱེད་ཀྱི་ཡོད།

    ལུས་ཀྱིས་མྱོང་ཚོར་ཐུབ་ལ་མིག་གིས་འགྱུར་ལྡོག་མཐོང་ཐུབ། ད་ཆ་དོན་གྲུབ་ཚེ་རིང་དང་རྣམ་པར་གྲོང་ཚོའི་གྲོང་མི་ཚོས་མཉམ་དུ་བདེ་སྐྱིད་ཀྱི་འཚོ་བ་དང་སྔར་བས་སྐྱིད་སྣང་དོད་པའི་སྡོད་གནས་ཀྱི་ཁོར་ཡུག་མྱོང་ཚོར་ཐུབ་པས། ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲངས་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།