ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་དུས་རབས་གསར་པའི་ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པ། ངལ་རྩོལ་སློབ་གསོས་ཕྱོགས་བསྡུས་མི་སྣ་གསོ་སྐྱོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ངལ་རྩོལ་ལ་བརྟེན་ནས་ཀུན་སྤྱོད་ལེགས་སུ་གཏོང་བ་དང་། ངལ་རྩོལ་ལ་བརྟེན་ནས་བློ་གྲོས་འཕེལ་བ། ངལ་རྩོལ་ལ་བརྟེན་ནས་གཟུགས་གཞི་ཐང་དུ་གཏོང་བ། ངལ་རྩོལ་ལ་བརྟེན་ནས་མཛེས་དཔྱོད་ལྟ་བ་སྐྱོང་བ། ངལ་རྩོལ་ལ་བརྟེན་ནས་གསར་གཏོད་བཅས་བྱས་ནས་ངལ་རྩོལ་ལ་བརྩི་འཇོག་དང་ངལ་རྩོལ་ལ་དགའ་ཞེན་བྱེད་པའི་རྣམ་པ་ཡག་པོ་ཞིག་བཏོད་དེ་སྤྱོད་ལམ་དང་། ཤེས་རིག ལུས་རྩལ། མཛེས་རིག ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་བྱུང་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་བྱས་པ་རེད།
ལམ་སྲོལ་གསར་གཏོད་བྱས་ནས་ཕན་འབྲས་དངོས་ལ་སྣང་ཆེན་བྱས་པ།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས《དུས་རབས་གསར་པའི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་ངལ་རྩོལ་སློབ་གསོར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར》དང《སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་ངལ་རྩོལ་སློབ་གསོའི་མཛུབ་ཁྲིད་རྩ་གནད(ཚོད་ལྟའི་ལག་བསྟར)》ལག་བསྟར་དང་དོན་འཁྱོལ་གཏིང་ཟབ་བྱས་པ་མ་ཟད། རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ《དུས་རབས་གསར་པའི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་ངལ་རྩོལ་སློབ་གསོར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཟོས་ནས་ངལ་རྩོལ་སློབ་གསོའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་དང་། བྱང་ཚད་སློབ་གསོ་ལག་བསྟར། ལམ་སྲོལ་སྒྲིག་སྲོལ་གསར་གཏོད་བཅས་བྱས་ཏེ་སློབ་གསོར་ཕན་འབྲས་དངོས་ཐོན་པར་སྣང་ཆེན་བྱས་པ་རེད།
སློབ་མཚམས་ཁག་གི་ཁྱད་ཆོས་ལ་གཞིགས་ནས་རང་ལྗོངས་ཀྱིས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དུ་ངལ་རྩོལ་སློབ་གསོའི་ངེས་སྦྱོང་སློབ་ཚན་བཀོད་སྒྲིག་བྱེད་པ་དང་། བོད་ཀྱི་ཁྱད་ཆོས་ལྡན་པའི་ངལ་རྩོལ་སློབ་གསོ་རྒྱག་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ཏེ། ཕྱོགས་བསྡུས་རང་བཞིན་དང་། ལག་ལེན་རང་བཞིན། སྒོ་དབྱེའི་རང་བཞིན། དམིགས་སའི་རང་བཞིན་བཅས་ལྡན་པའི་ངལ་རྩོལ་སློབ་གསོའི་སློབ་ཚན་མ་ལག་ཅིག་ཆགས་ཡོད་པ་རེད། སློབ་གྲྭ་འབྲིང་ཆུང་གི་ངལ་རྩོལ་སློབ་ཚན་གཟའ་འཁོར་རེར་སློབ་ཚན་གཅིག་ལས་མི་ཉུང་བ་དང་མི་སྒེར་གྱི་འཚོ་བའི་འགྲོ་སྡོད་དང་། ཁྱིམ་ཚང་ངལ་རྩོལ། སློབ་གྲྭའི་ངལ་རྩོལ། ཞབས་ཞུའི་རང་བཞིན་གྱི་ངལ་རྩོལ་དང་ཐོན་སྐྱེད་ངལ་རྩོལ་སོགས་ལ་དམིགས་ནས་ངལ་རྩོལ་སློབ་གསོ་དང་ཕྱོགས་བསྡུས་ལག་ལེན་བྱེད་སྒོའི་སློབ་ཚན་སོགས་སྤྱི་འདོམས་བྱས་པ་དང་། ལས་རིགས་སློབ་གྲྭས་ཆེད་ལས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་དངོས་སྦྱོང་སློབ་ཚན་གཞི་རྟེན་གཙོ་བོར་བྱས་ནས་ངལ་རྩོལ་སློབ་གསོ་སྤེལ་བའི་ནང་ངལ་རྩོལ་གྱི་སྙིང་སྟོབས་དང་། ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས། བཟོ་བོའི་སྙིང་སྟོབས་བཅས་ཀྱི་ཆེད་དོན་སློབ་གསོའི་སློབ་ཁྲིད་དུས་ཡུན་ཆུ་ཚོད་16ལས་མི་ཉུང་བ་བྱས་པ། མཐོ་རིམ་སློབ་གྲྭ་དཀྱུས་མས་ངལ་རྩོལ་སློབ་གསོའི་སློབ་ཚན་གྱི་ནང་དོན་ནི་མར་ཁེ་སི་རིང་ལུགས་ཀྱི་ངལ་རྩོལ་ལྟ་བའི་སློབ་གསོར་ཤུགས་སྣོན་རྒྱག་པ་ཞིག་ཡིན་པར་ཁ་གསལ་གཏན་འཁེལ་བྱས་ནས་སློབ་མའི་ལས་རིགས་འཕེལ་རྒྱས་དང་འབྲེལ་བ་དམ་ཟབ་ཡོད་པའི་སྤྱི་སྤྱོད་ངལ་རྩོལ་ཚན་རིག་ཤེས་བྱ་ཁྱབ་གདལ་བཏང་སྟེ་དགོས་ངེས་ཀྱི་ངལ་རྩོལ་ལག་ལེན་ཉམས་ལེན་བྱས་ཡོད།
སློབ་གྲྭའི་ངལ་རྩོལ་གྱི་རྣམ་པ་ཕུན་སུམ་ཚོགས་པ།
སྟོན་འགོར་ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོར་སྐྱོད་སྐབས་མེ་ཏོག་ལྡུམ་རའི་ནང་ཚོན་མདོག་རྣམ་པར་བཀྲ་བའི་ལུག་མིག་མེ་ཏོག་བཞད་འདུག
མཛེས་སྡུག་ལྡན་པའི་མེ་ཏོག་འདི་དག་ནི་བྱིས་པ་ཚོས་བཏབ་པ་ཞིག་རེད། འདི་ལོའི“ལྔ་གཅིག”ངལ་རྩོལ་དུས་ཆེན་རིང་ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོས“དཀའ་སྤྱད་ངལ་རྩོལ་གཟི་བརྗིད་དུ་བརྩི་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ནས་ཕྲུ་གུ་ཚོ་སློབ་གྲྭའི་ཁོར་ཡུག་སྔོ་འགྱུར་གྱི་བྱེད་སྒོའི་ནང་ཞུགས་རྒྱུ་སྒྲིག་འཛུགས་བྱས་པ་རེད།
ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོས་སློབ་མ་སྒྲིག་འཛུགས་བྱས་ཏེ་མེ་ཏོག་བཏབ་པ་དེ་ནི་རང་ལྗོངས་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱིས་ངལ་རྩོལ་སློབ་གསོའི་བྱེད་སྒོ་ཧུར་ཐག་སྤེལ་བའི་བསྡུས་རིས་ཤིག་རེད། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ངལ་རྩོལ་སློབ་གསོའི་ཁྲོད་ཀྱི་སློབ་གྲྭའི་བྱེད་པོའི་འགན་འཁྲི་འདོན་སྤེལ་ཏན་ཏིག་བྱས་ཏེ་རྣམ་པ་སྣ་ཚོགས་ཀྱི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སློབ་མས་ངལ་རྩོལ་ལ་བརྩི་མཐོང་དང་། ངལ་རྩོལ་ལ་བརྩི་འཇོག ངལ་རྩོལ་ལ་དགའ་ཞེན་བཅས་བྱེད་པའི་འདུ་ཤེས་སྐྱེད་སྲིང་བྱས་ཤིང་། རྒྱལ་གཅེས་འཕྲོད་བསྟེན་གྱི་ཆེད་དོན་བྱ་སྤྱོད་དང་ཟུང་འབྲེལ་གྱིས་སློབ་གྲྭའི་ནང་གི་སློབ་མའི་ངལ་རྩོལ་གསལ་ཐོ་བཟོ་བ་དང་གཟའ་འཁོར་རེའི་སློབ་གྲྭའི་ནང་གི་ངལ་རྩོལ་ལག་ལེན་དུས་ཚོད་ཁ་གསལ་བཟོས་ཏེ། སློབ་མས་རང་འགུལ་ངང་སློབ་གྲྭའི་ནང་གི་ངལ་རྩོལ་ལག་ལེན་གྱི་སྤྱི་ཆིངས་བཟོ་རྒྱུར་ཁྲིད་སྟོན་དང་སློབ་མ་སློབ་གྲྭའི་ཁོར་ཡུག་འཕྲོད་བསྟེན་དང་། སྔོ་འགྱུར་མཛེས་བཟོ། ཟ་ཁང་གི་ངལ་རྩོལ། འཛིན་གྲྭའི་ཅ་དངོས་ལེགས་སྒྲིག གཞུང་དངོས་ཉམས་གསོ། གསང་སྤྱོད་གཙང་སྦྲ་སོགས་ཀྱི་ངལ་རྩོལ་ནང་ཞུགས་རྒྱུ་སྒྲིག་འཛུགས་བྱེད་པ་དང་འབྲེལ་གད་སྙིགས་རིགས་དབྱེ་ནན་པོ་བྱས་པ་དང་། ངལ་རྩོལ་ལག་ལེན་སྤྲོ་སྣང་ཚོགས་ཆུང་དང་། ཚོགས་པ། སྐྱིད་སྡུག་ཚོགས་པ་བཅས་བཙུགས་ནས་ངལ་རྩོལ་ལག་ལེན་བརྗོད་དོན་གཙོ་བོར་བྱས་པའི་འཛིན་གྲྭ་ཐུན་མོང་གི་ཚོགས་འདུ་དང་ངལ་རྩོལ་ལག་རྩལ་འགྲེམས་འཁྲབ་སོགས་ཀྱི་བྱེད་སྒོ་སྤེལ་བ། ཡ་རབས་སློབ་གྲྭ་གཏོད་པའི་བྱེད་སྒོ་སྤེལ་ནས་སློབ་གྲྭ་དང་། སློབ་ཁང་། ཉལ་ཁང་བཅས་ཚད་ལྡན་ཅན་གྱི་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ། “ཡ་རབས་འཛིན་གྲྭ”དང“ཡ་རབས་ཉལ་ཁང”སོགས་ཀྱི་དཔྱད་བསྡུར་བྱེད་སྒོ་སྤེལ་བ། ཆེད་དམིགས་ས་ཁོངས་སུ་མེ་ཏོག་དང་རྩི་ཤིང་ངམ་ཡང་ན་ལོ་ཏོག་བཏབ་ནས“འགན་འཁྲིའི་ཞིང་ཁ”དང“ཞིང་ར་ཆུང་ངུ”སོགས་བཏོད་པ་བཅས་རེད།
སློབ་ཕྱིའི་ངལ་རྩོལ་ལས་ཤེས་སྤྱོད་ཟུང་འབྲེལ་ལ་སྐུལ་འདེད་བཏང་བ།
ཉིན་ཤས་གོང་། “སློབ་འགོ་ཚུགས་པའི་སློབ་ཚན་དང་པོ”ཞེས་པའི་དམིགས་བསལ་གྱི་སློབ་ཚན་ཞིག་ཆུ་ཤུར་ཞིང་རར་འཚོགས་ཤིང་། བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་སྲོག་ཆགས་ཚན་རིག་ལག་རྩལ་ཚན་ཁག་གི་སློབ་མ་150གཟན་རྩྭ་འདེབས་འཛུགས་ས་ཁོངས་སུ་བསྐྱོད་དེ་རང་ཉིད་ཀྱི་འགན་འཁྲིའི་ཞིང་ཁའི་ནང་རྩྭ་ངན་བཀོག་པ་རེད།
ཞིང་ར་དང་འབྲོག་རར་བསྐྱོད་ནས་སྤྱི་ཚོགས་ཀྱི་ལག་ལེན་ནང་ཞུགས་རྒྱུ་ནི་རང་ལྗོངས་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱིས་སློབ་ཕྱིའི་ངལ་རྩོལ་སློབ་གསོ་ལག་བསྟར་བྱེད་ཚད་ཆེ་རུ་ཧུར་ཐག་གཏོང་བའི་དགེ་མཚན་ལྡན་པའི་འཚོལ་ཞིབ་ཅིག་རེད།
ངལ་རྩོལ་སློབ་གསོར་སྐུལ་འདེད་ནུས་ལྡན་གཏོང་བ་དང་། སློབ་གྲྭའི་སློབ་ཚན་གྱི་ཐོན་ཁུངས་རྒྱ་ཆེར་གཏོང་བ། སློབ་མ་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱ་ཆེད། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་སློབ་གྲྭ་ཁག་གིས་སྤྱི་ཚོགས་ཀྱི་ལག་ལེན་བྱ་ཡུལ་ལ་བརྟེན་ནས་སློབ་མ་ཁེ་ལས་དང་། བཟོ་གྲྭ། ཞིང་ར་དང་འབྲོག་ར་སོགས་སུ་བསྐྱོད་རྒྱུར་སྒྲིག་འཛུགས་བྱས་ནས་ནུས་པས་གང་ལྕོགས་ཀྱིས་ཐོན་སྐྱེད་ངལ་རྩོལ་བྱས་ཏེ་སློབ་མ་དང་ངལ་རྩོལ་པ་དཀྱུས་མ་མཉམ་དུ་ངལ་རྩོལ་བྱེད་པའི་བརྒྱུད་རིམ་ཉམས་ལེན་དང་ལག་ལེན་ཁྲོད་ངལ་རྩོལ་གྱི་གོམས་གཤིས་འཇགས་པ་བྱས་ཡོད་ལ། ཁྱིམ་ཚང་འཚོ་བའི་ཁྲོད་སློབ་གྲྭས་ཁྱིམ་བདག་གིས་ཕྲུ་གུའི་ངལ་རྩོལ་སློབ་གསོའི“དགེ་རྒན་དང་པོ”ཡག་པོ་བྱེད་པར་ཁྲིད་སྟོན་བྱ་རྒྱུར་སྣང་ཆེན་དང་ཁྱིམ་ལས་ངལ་རྩོལ་ལ་སྣང་ཆེན་བྱས་ཏེ་ཕྲུ་གུའི་འཚོ་བར་རང་མགོ་ཐོན་པའི་འདུ་ཤེས་དང་ནུས་པ་སྐྱེད་སྲིང་བྱེད་ཀྱི་ཡོད་པ་དང་། རྒྱུན་གཏན་འཚོ་བའི་ཁྲོད་སློབ་མ་སྒྲིག་འཛུགས་བྱས་ནས་ཤིང་འཛུགས་ནགས་བཟོ་དང་། གཙང་པོ་དང་མཚེའུ་སྲུང་སྐྱོང་། ཁོར་ཡུག་མཛེས་བཟོ་སོགས་སྤྱི་ཕན་ངལ་རྩོལ་ནང་ཞུགས་སུ་འཇུག་གི་ཡོད།