ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བར་སྐོར་ཁྲོམ་གཞུང་ཀླུ་སྒུག་སྡེ་ཁུལ་དུ“རྒན་ལགས་ཀྱིས་ལོ་གཅིག་རིང་སློབ་ཁྲིད་ཞིབ་ཚགས་གནང་བ་བརྒྱུད་ད་ཆ་ངས་རྒྱ་སྐད་ནས་གཞན་དང་གླེང་མོལ་བྱེད་ཐུབ་ཀྱི་འདུག རྗེས་སུ་ཡུལ་སྐོར་བར་རོགས་རམ་བྱེད་དགོས་ཚེ་ངས་ཁོང་ཚོ་དང་སྤེལ་རེས་བྱེད་ཐུབ”ཅེས་བོད་རྒྱ་སྐད་གཉིས་སློབ་སྦྱོང་གི་སློབ་ཚན་ལ་ཞུགས་ནས་རྒྱ་ཡིག་སློབ་སྦྱོང་བྱེད་བཞིན་པའི་ལོ་67ལ་སླེབས་པའི་གྲོང་མི་ཚེ་རིང་སྒྲོལ་དཀར་གྱིས་དགའ་ཚོར་ཆེན་པོས་བཤད།
ལྗོངས་ཡོངས་ཀྱི་རྒྱལ་ཡོངས་ཀྱི་སྐད་གཉིས་སློབ་སྦྱོང་གི་ཁྱད་ལྡན་སྡེ་ཁུལ་འབབ་ཞིག་ཡིན་པའི་ཀླུ་སྒུག་སྡེ་ཁུལ་གྱིས“ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱེད་པ་དང་། ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བའི”བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས་སྐད་གཉིས་ཁྱད་ལྡན་སྡེ་ཁུལ་འཛུགས་གཏོད་ལས་དོན་ཏན་ཏིག་སྤེལ་ཏེ། “སྐད་གཉིས་སློབ་སྦྱོང+མཐོ་སློབ་སློབ་ཐོན་སློབ་མའི་དང་བླངས་ཟུར་ཁྲིད་ཞབས་ཞུ”བརྒྱུད་སྡེ་ཁུལ་གྱི་གྲོང་མི་སློབ་ཚན་ལ་ཞུགས་རྒྱུར་ཡིད་དབང་བཀུག་པ་དང་སྐད་གཉིས་སློབ་སྦྱོང་བྱེད་པའི་གྲོང་མིའི་ཧུར་སེམས་འཕེལ་བར་བྱས་ནས་མི་རིགས་ཁག་གི་གྲོང་མི་ཞི་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་བཏང་བ་རེད།
ཀླུ་སྒུག་སྡེ་ཁུལ་ནི་བར་སྐོར་ཁྲོམ་གཞུང་གི་ལྷོ་ནུབ་མཚམས་སུ་གནས་ཤིང་། ཁོངས་གཏོགས་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་ངོས་གྲུ་0.7ཡོད་པ་དང་། དེ་གར་རྒྱ་རིགས་དང་། བོད་རིགས། ཧུད་རིགས། ཐུའུ་ཅ་རིགས། ཡུ་གུར་རིགས་སོགས་མི་རིགས་ཁག་གི་མང་ཚོགས་འདུས་སྡོད་བྱེད་ཀྱི་ཡོད། ཀླུ་སྒུག་སྡེ་ཁུལ་དེ་སྔ་ལྷ་ས་གྲོང་ཁྱེར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྡེ་ཁུལ་དུ་བདམས་མྱོང་བ་དང་ལྷ་ས་གྲོང་ཁྱེར་གྲངས་ཉུང་མི་རིགས་ཕྱོགས་མིའི་ཞབས་ཞུ་དོ་དམ་མ་ལག་འཛུགས་སྐྲུན་གྱི་ཚོད་ལྟའི་ཚན་པ་ཞིག་རེད།
ཀླུ་སྒུག་སྡེ་ཁུལ་གྱི་བོད་རྒྱ་སྐད་གཉིས་སློབ་སྦྱོང་གི་སློབ་ཚན་ཆུང་ངུར་ཞུགས་མཁན་སྡེ་ཁུལ་གྱི་གྲོང་མི་འགས་དགེ་རྒན་གྱིས་རྒྱ་ཡིག་ཐ་སྙད་ལ་འགྲེལ་བཤད་རྒྱག་པ་ནན་ཏན་ཉན་པ་མ་ཟད། ཟིན་བྲིས་གཟབ་ནན་ངང་རྒྱག་བཞིན་ཡོད་པ་གསར་འགོད་པས་མཐོང་བྱུང་། “དེ་སྔ་ངས་རྒྱ་ཡིག་ཤེས་ཀྱི་མེད་ལ། རྒྱ་སྐད་ཀྱང་རྒྱག་ཤེས་ཀྱི་མེད་སྟབས་ཕྱིར་ཅ་ལག་ཉོ་བ་དང་བྱ་བ་སྒྲུབ་པར་སྐྱོད་སྐབས་སྟབས་བདེ་པོ་མི་འདུག ལྷག་པར་དུ་ང་ཚོའི་སྡེ་ཁུལ་གྲོང་ཁུལ་རྙིང་པར་གནས་པས་ཡུལ་སྐོར་བ་མང་པོ་ཡོད། ཡུལ་སྐོར་བས་ང་ལ་སྐད་ཆ་འདྲི་སྐབས་མགོ་གཡུག་རྒྱག་རྒྱུ་ལས་མ་འདས། ད་ཆ་རྒྱ་ཡིག་སློབ་སྦྱོང་བྱས་པ་བརྒྱུད་ངས་སྡེ་ཁུལ་གྱི་རྒྱ་རིགས་གྲོང་མི་དང་གླེང་མོལ་བྱེད་ཐུབ་ཀྱི་ཡོད། གླེང་མོལ་བརྒྱུད་ངས་སྡེ་ཁུལ་ཕྱིའི་གྲོང་ཁྱེར་ལ་ངོས་འཛིན་གསར་པ་ཞིག་ཐུབ་བྱུང་། ཕྱིས་སུ་གོ་སྐབས་བྱུང་ཚེ་ངེས་པར་དུ་ཡུལ་སྐོར་ལ་ཐེངས་གཅིག་འགྲོ་གི་ཡིན”ཞེས་ཚེ་སྒྲོལ་དཀར་གྱིས་བཤད་བྱུང་།
ཀླུ་སྒུག་སྡེ་ཁུལ་གྱི་ལས་དོན་མི་སྣ་དང་བོད་རྒྱ་སྐད་གཉིས་སློབ་སྦྱོང་གི་སློབ་ཚན་ཆུང་ངུའི་རྒྱ་ཡིག་དགེ་རྒན་པ་སངས་ཚེ་རིང་གིས། སློབ་ཚན་ཆུང་ངུ་འཚོག་པའི་དུས་ཚོད་ནི་གཟའ་འཁོར་རེའི་གཟའ་ལྷག་པ་དང་གཟའ་པ་སངས་ཡིན། སློབ་ཚན་འཚོག་ཡུན་ཆུ་ཚོད་གཅིག་དང་ནང་དོན་གཙོ་བོ་རྒྱུན་གཏན་གྱི་འཚོ་བའི་སྐོར་གྱི་ཐ་སྙད་སློབ་ཀྱི་ཡོད། དེ་དང་ཆབས་ཅིག་ང་ཚོས་ད་དུང་སྐད་གཉིས་གཏམ་བཤད་འགྲན་བསྡུར་དང་གླུ་ལེན་འགྲན་བསྡུར་སོགས་ཁྱད་ཆོས་ལྡན་པའི་བྱེད་སྒོ་སྤེལ་བ་བརྒྱུད་སྡེ་ཁུལ་གྱི་གྲོང་མིར་མཐུན་སྒྲིལ་རོགས་རེས་བྱེད་པར་ཁྲིད་སྟོན་བྱས་པས་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་རྣམ་པ་བཟང་པོ་ཞིག་གྲུབ་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།