དབུ་ཤོག>ཆེད་སྒྲིག
  • གདང་ལའི་འགག་གནད་ཀྱི་བདག་སྐྱོང་བ་དཔའ་རྒྱལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-22

    འཛམ་གླིང་ཡང་རྩེའི་གདང་ལའི་མཐོ་ཚད་སྨི་5220ཟིན་ཞིང་། གནམ་གཤིས་སྐྱོ་ལ་མཐོ་གྲང་གསོ་རླུང་དཀོན་པོ་ཡོད། དེ་གར་དགུན་དཔྱིད་གཉིས་སུ་ཁ་བ་བུ་ཡུག་འཚུབ་པ་དང་དབྱར་སྟོན་གཉིས་ཀྱི་གནམ་གཤིས་བརྟན་པོ་མེད་ཅིང་། ནམ་དུས་བཞི་ཀར་རི་རྩེའི་གངས་གསོག་མི་བཞུ་བ་དང་རྟག་ཏུ་དྲག་ཆར་རླུང་འཚུབ་ལྡང་བ་དང་། མཚོ་བོད་གཞུང་ལམ་འདི་ནས་བརྒྱུད་དགོས་ཀྱི་ཡོད། རི་རྩེའི་ལམ་སྐྱོང་བཟོ་ཁུལ་109ནི་སྔར་ནས་བཟུང་མཚོ་བོད་གཞུང་ལམ་གྱི་འགག་གནད་དུ་གནས་པས། གཙོ་གནད་ལམ་སྐྱོང་བཟོ་ཁུལ་དུ་གྱུར་ཡོད། འོན་ཏེ་གསོ་རླུང་ཧ་ཅང་དཀོན་པ་དང་། གནམ་གཤིས་ཧ་ཅང་སྐྱོ་བ། ཆ་རྐྱེན་ཧ་ཅང་དཀའ་ཚེགས་ཆེ་བའི་གནས་འདིར་བགྲང་བྱ་མང་པོ་འགྲིམ་འགྲུལ་བྱ་གཞག་ལ་འབད་བཞིན་པའི་གཞུང་ལམ་བདག་སྐྱོང་དཔུང་ཁག་ཅིག་ཡོད། ཁོང་ཚོས་སེམས་ནུས་ཡོད་ཚད་བཏོན་ནས་འདི་གར་འབད་འཐབ་དང་ལེགས་སྐྱེས་འབུལ་བཞིན་མཆིས། བློ་མཐུན་དཔའ་རྒྱལ་ཡང་རུ་ཁག་དེའི་ཁོངས་མིའི་གྲས་ཤིག་ཡིན།

    དཔའ་རྒྱལ། སྐྱེས་པ། 1944ལོར་སྐྱེས། ནག་ཆུ་ཨ་མདོ་རྫོང་ནས་ཡིན། 1962ལོར་ལས་ཀར་ཞུགས། 1983ལོར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། ཁོང་ནི་བོད་ཀྱི་གཞུང་ལམ་བདག་སྐྱོང་བཟོ་པ་མི་རབས་དང་པོའི་གྲས་ཡིན་ཞིང་། དེ་སྔ“གནམ་འོག་གི་ཏའོ་པན་ཨང་དང་པོར”གྲགས་པའི་ཏའོ་པན་109ཡི་པན་ཀྲང་དང་མཚོ་བོད་གཞུང་ལམ་ཅུས་ཨ་མདོ་གཞུང་ལམ་བདག་སྐྱོང་དུམ་བུའི་ཏོན་ཀྲང་བཅས་ཀྱི་འགན་འཁུར་མྱོང་ཡོད། ཁོང་གིས་ཁ་བ་བུ་ཡུག་འཚུབ་པའི་གདང་ལར་བགྲང་བྱ་30ཙམ་ལས་ཀ་བྱས་ཡོད། བབ་ཆགས་པ་དང་། ལྷག་བསམ་ཟོལ་མེད། དཀའ་སྤྱད་འབད་འཐབ་བཅས་ཀྱི་སྙིང་སྟོབས་ལ་བརྟེན་ནས་མཚོ་བོད་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་ཕྱིར་རང་ཉིད་ཀྱི་ལང་ཚོ་སྐྱེས་སུ་ཕུལ་ཡོད་ལ། དགའ་སྐྱོ་གཉིས་ལྡན་གྱི་ས་མཐོའི་འཛུགས་སྐྲུན་པའི་གླུ་དབྱངས་བརྩམས་ཡོད།

    དཔའ་རྒྱལ་གནས་སའི་ལམ་སྐྱོང་བཟོ་ཁུལ་དུ་རྟག་ཏུ་གངས་སྐྱོན་གྱི་ཉེན་ཁ་ཆེན་པོ་ཡོད། གངས་ཆེན་པོ་འབབ་སྐབས་ཁོང་ཚོའི་བདག་སྐྱོང་བཟོ་ཁུལ་གྱི་ཁང་པ་ཁ་བས་སྣུབ་པས་བཟོ་པ་རྣམས་སྒེའུ་ཁུང་ནས་དོན་རྒྱུ་ལས་ཐབས་གཞན་མེད། དེ་ལྟར་ཡིན་རུང་ཁོང་ཚོས་སྔར་མུས་བཞིན་ཁ་བ་བུ་ཡུག་ཁྲོད་དུ་གངས་གསོག་གཤོང་བ་མ་ཟད། ཁ་བ་བུ་ཡུག་ཁྲོད་དུ་ལུས་པའི་ཁ་ལོ་བ་དང་འགྲུལ་པ་སྣེ་ལེན་ཁང་དུ་བསུས་ནས་ལྟ་སྐྱོང་ཞིབ་ཚགས་བྱེད་ཀྱི་ཡོད། རྟག་ཏུ་གཞུང་ལམ་དུ་རླངས་འཁོར་གྱི་དུང་བརྡ་ཐོས་སྐབས་ཁོང་གིས་འཕྲལ་མར་ལས་རོགས་ཚོ་དང་མཉམ་དུ་རི་རྩེར་གངས་གཤོང་བར་བསྐྱོད་དེ་རླངས་འཁོར་རི་གཤམ་དུ་འབྱོར་ཐབས་བྱེད་ཀྱི་ཡོད། གདང་ལར་ཁ་བའི་འདབ་མ་ཇི་ཙམ་བབས་ན་དཔའ་རྒྱལ་ལ་མི་སེམས་འགུལ་བའི་གཏམ་རྒྱུད་དེ་ཙམ་ཡོད། ཁོང་གི་གཏམ་རྒྱུད་ནི་གཞུང་ལམ་དང་འབྲེལ་བས་ཡོད་པ་དང་གཞུང་ལམ་ནམ་ཡང་ཁོང་གི་སེམས་དབུས་སུ་གནས་ཡོད། རྟག་ཏུ་རླངས་འཁོར་ལ་སྐྱོན་ཤོར་སྐབས་དཔའ་རྒྱལ་གྱིས་འཕྲལ་མར་རོགས་པ་བྱེད་པར་བསྐྱོད་ནས་ཁོང་ཚོར་དངོས་ཟོག་ལ་ལྟ་རོགས་དང་། རྨས་མ་སྐྱོབ་རོགས། རླངས་འཁོར་འཐེན་རོགས་བཅས་བྱེད་ཀྱི་ཡོད།

    1975ལོའི་དགུན་ཁར་ལྷ་ས་སྐྱེལ་འདྲེན་ཀུང་སིའི་རླངས་འཁོར་ཞིག་སྤྱི་ལེ་1407གྱི་སར་སྟབས་མ་ལེགས་པར་མགོ་རྟིང་ལོག་ནས་ཁ་ལོ་བ་ཚེ་ལས་འདས། ཁ་ལོ་བའི་ལག་རོགས་ཀྱི་མགོ་དང་བྲང་ཁར་རྨས་སྐྱོན་ཕོག་ནས་ཁྲག་མང་པོ་ཐོན། དཔའ་རྒྱལ་གྱིས་གཏམ་ངན་དེ་ཐོས་མ་ཐག་འཕྲལ་མར་དེར་ཡོང་ནས་བཟོ་པ་ཚོ་དངོས་ཟོག་ལ་ལྟ་རུ་བཅུག་པ་དང་རང་ཉིད་ཀྱིས་རྨས་མ་སྒལ་པར་འཁུར་ནས་རང་ཁྱིམ་དུ་འཁྲིད། རྨ་ཁར་རྨ་རས་དཀྲི་བ་སོགས་རྨས་མའི་ལས་ཁུངས་ཀྱི་རོགས་སྐྱོབ་རླངས་འཁོར་མ་སླེབས་བར་རྨས་མར་ལྟ་སྐྱོང་བྱས།

    1983ལོའི་དགུན་ཁར་གངས་ཆེན་པོ་བབས་ནས་བྲག་སྨུག་ལམ་སྐྱོང་ས་ཚིགས་106ནས་107བར་རླངས་འཁོར་མང་པོ་གངས་ཁྲོད་དུ་ལུས། དཔའ་རྒྱལ་གྱིས་ན་གཞོན་འཕྲལ་སྒྲུབ་རུ་ཁག་སྒྲིག་འཛུགས་བྱས་ནས་མྱུར་སྐྱོབ་བྱེད་པར་བསྐྱོད། རླངས་འཁོར་གང་མགྱོགས་ཤར་གཏོང་ཐུབ་ཆེད་ཁོང་དང་ལས་རོགས་ཚོས་ལམ་སྐྱོང་ས་ཚིགས་སུ་ཁ་ལག་ཟ་བར་མ་ལོག་པར་གངས་དང་རྩམ་པ་འགམ་ནས་བཀྲེས་སྐོམ་སེལ་ཐབས་བྱས། བསྟུད་མར་ཉིན་ལྔའི་འབད་འཐབ་བརྒྱུད་གཞི་ནས་ལམ་གཤོངས་ཐུབ་ཙམ་བྱུང་།

    དཔའ་རྒྱལ་ནི་གཞུང་ལམ་བདག་སྐྱོང་བ་དཀྱུས་མ་ཞིག་ཡིན་ཞིང་། ཁོང་ལ་གནམ་ས་འགུལ་བའི་བྱས་རྗེས་ཆེན་པོ་མེད་ལ། གསར་གཏོད་ཆེན་པོ་ཡང་མེད། ཁོང་ནི་ས་བབ་མཐོ་ཚད་སྨི་5000ལྷག་ཙམ་གྱི་ས་མཐོར་བགྲང་བྱ་30ཡི་རིང་སྐད་གྲགས་མེད་པར་གཞུང་ལམ་བདག་སྐྱོང་ལས་ལ་གཞོལ་མཁན་ཞིག་ཡིན། ལོ་མང་རིང་དཔའ་རྒྱལ་གྱིས་བཟོ་པ་དཀྱུས་མ་ཞིག་གི་བསམ་པ་དང་གཞན་ཕན་སྒྲུབ་པར་དགའ་བའི་གུང་ཁྲན་ཏང་མིའི་གཤིས་རྒྱུད་ལ་བརྟེན་ནས་ས་མཐོའི་གཞུང་ལམ་བདག་སྐྱོང་བའི་བསྟོད་གླུ་བརྩམས་ཡོད། ལམ་སྐྱོང་ས་ཚིགས་ཀྱི་བཟོ་པ་ཚོས་ཁོང་ལ་བྱམས་བརྩེའི་ངང“པན་ཀྲང་ལགས”ཞེས་འབོད་པ་དང་། དཔའ་རྒྱལ་གྱི་བབ་ཆགས་ལ་གཞུང་དྲང་བ་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་གཤིས་རྒྱུད་ལ“གདང་ལའི་འགག་གནད་བདག་སྐྱོང་བའི”མཚན་སྙན་རག་ཡོད།

    1989ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བློ་མཐུན་དཔའ་རྒྱལ་ལ“རྒྱལ་ཡོངས་ངལ་རྩོལ་དཔེ་བཟང་བའི”མཚན་སྙན་གནང་བ་དང་། 1990ལོར་རྒྱལ་ཡོངས་མི་རིགས་ལས་དོན་ཨུ་ལྷན་གྱིས“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་མི་སྒེར”གྱི་མཚན་སྙན་སྤྲད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།