ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་ལྗོངས་ཀྱིས་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས་ལམ་ལུགས་དང་ལམ་སྲོལ་འགན་ལེན་དུ་བྱེད་པ་དང་། སྤྱི་འདོམས་འཆར་འགོད། རིགས་དབྱེ་ཇུས་བསྟར། གནད་སྨིན་ཤུགས་འདོན། སྤུས་ཚད་མཐོ་བའི་འཕེལ་རྒྱས་མགྱོགས་སུ་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་བཅས་བྱས་ཏེ་ཀུན་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། ཐ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྱོང་ཡག་པོ་བྱས་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། ལོ་ངོ་70ཡི་རིང་། ཀྲུང་དབྱང་སྲིད་གཞུང་གིས་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་ཁྲི་1.63བཏང་བ་དང་། ཉེ་བའི་ལོ་ཤས་རིང་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱིས་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་693བཏང་བའི་ཁྲོད་ནས་མ་དངུལ་སྒོར་དུང་ཕྱུར་5900ལྷག་ཙམ་ཁྲོན་བོད་གཞུང་ལམ་དང་། མཚོ་བོད་ལྕགས་ལམ། གོང་དཀར་གནམ་ཐང་། རྫམ་ཆུ་ཤུགས་གློག་ཁང་སོགས་ལས་གྲྭའི་རྣམ་གྲངས་གལ་ཆེན་འབོར་ཆེན་ཞིག་བསྐྲུན་རྒྱུར་སྤྱད་ནས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་སྟེ་དུས་ཐུང་ལོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བའི་མི་ཡུལ་གྱི་ངོ་མཚར་བཏོད་ཡོད།
ཟླ་7ཚེས་21ནས་ཚེས་23ཉིན་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས། “ལོ་འདི་དག་རིང་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་དང་བསམ་པའི་ཉམས་འགྱུར་ལ་འཕོ་འགྱུར་ཆེན་པོ་བྱུང་འདུག ང་རང་གང་དུ་སླེབས་ཀྱང་ཚང་མ་འཚོ་བ་ཡག་པོ་སྐྱེལ་ཐུབ་པའི་བདེ་སྐྱིད་ཀྱི་ཉམས་སྣང་དང་ཏང་དང་རྒྱལ་ཁབ་ལ་བཅངས་པའི་དྲིན་ཚོར་གྱི་སེམས་པ་ཚོར་བྱུང”ཞེས་ནན་བཤད་གནང་བ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཁྱིམ་དུ་གཟིགས་པར་ཕེབས་པའི་གནས་ཚུལ་ཕྱིར་དྲན་བྱེད་སྐབས། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀ་ལ་གྲོང་ཚོའི་གྲོང་མི་ཟླ་བ་རྒྱལ་མཚན་གྱིས། “སྤྱི་ཁྱབ་ཧྲུའུ་ཅིས་བཀའ་འདྲི་ཞིབ་ཕྲ་གནང་བ་མ་ཟད། ཁྱིམ་གྱི་མཛོད་ཁང་ལ་གཟིགས་པ་དང་། གསང་སྤྱོད་ལ་ཆུ་ཤར་གཏོང་ཐུབ་མིན་དང་། གཟུགས་པོ་འཁྲུ་བའི་ཆུ་ཚ་པོ་གང་ནས་ཡོང་མིན། ཁང་པ་ག་དུས་བརྒྱབ་མིན། ཁང་པའི་གྲུབ་ཆ་གང་ཡིན་མིན། ཁང་པ་རྒྱག་པར་དངུལ་ག་ཚོད་བཏང་མིན། བུ་བཅོལ་ཁང་ཐག་རིང་པོ་ཡོད་མེད་བཅས་བཀའ་འདྲི་ཞིབ་ཕྲ་གནང་བས། ང་ཚོའི་སེམས་པ་དྲོ་སྐྱིད་དང་སྤྲོ་སྣང་གིས་ཁེངས་བྱུང་། ད་ལྟའི་འཚོ་བ་ཡག་པོ་འདི་འདྲ་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་ལས་བྱུང་བ་ཞིག་རེད”ཅེས་བརྗོད། འདི་ལོ་ལོ་37ལ་སླེབས་པའི་ཟླ་བ་རྒྱལ་མཚན་སྐྱེལ་འདྲེན་ལས་ལ་གཞོལ་བའི་ཁར་ཁམ་བུའི་མེ་ཏོག་དུས་ཆེན་གྱི་བགོ་འགྲེམས་དང་། ས་ཞིང་བརྒྱུད་བཤུག འདེབས་འཛུགས་གསོ་ཚགས་སོགས་ཀྱི་ཡོང་འབབ་བསྡོམས་ན་ཁྱིམ་ཚང་ལ་ལོར་ཡོང་འབབ་སྒོར་ཁྲི་30ལྷག་ཙམ་ཡོང་གི་ཡོད།
དམངས་འཚོའི་བྱ་བ་དོན་ཆུང་མིན་པས། མི་སེར་གྱི་འཚོ་བ་དང་འབྲེལ་བ་ཡོད་པའི་སྡོད་ཁང་དང་། སྨན་བཅོས། སློབ་ཞུགས། ལས་ཞུགས་སོགས་ནི་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དོ་ཁུར་ཆེན་པོ་བྱེད་པའི་དོན་ཆེན་ཞིག་རེད། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གཙོ་ཁྲིད་ནུས་པ་གང་ལེགས་བཏོན་ཏེ་མི་དམངས་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་རེ་ཞུ་ཐག་གཅོད་བྱ་རྒྱུ་གཙོ་གནད་དུ་བཟུང་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་བ་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བའི་ཐོག་ནས་མངོན་པར་བྱས་ཡོད།
ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་ཁེ་གསུམ་སྡེ་ཁུལ་དུ། གྲོང་མི་ཟླ་བ་ཚེ་རིང་གིས་སྒོ་རའི་ནང་གསར་དུ་བརྒྱབ་པའི་ཐོག་སོ་ཉིས་ལྡན་གྱི་ཁང་པ་བསྟན་ཏེ་གསར་འགོད་པར་ཁང་པ་གསར་པར་ཁྱོན་སྒོར་ཁྲི་10ཙམ་བཏང་བའི་ནང་སྲིད་གཞུང་གིས་ཁ་གསབ་རོགས་དངུལ་སྒོར་ཁྲི་1.5སྤྲད་པ་དང་དངུལ་ཁང་གིས་སྒོར་ཁྲི་3གྱི་ནོར་སྲིད་སྐྱེད་གསབ་དངུལ་བུན་གཡར་བྱུང་ཞེས་བརྗོད།
ད་ཆ། བྱང་རྩྭ་ཐང་ནས་ཡར་ཀླུང་གཞུང་དང་། སྟོད་ཞང་ཞུང་ནས་ཉང་ཆུའི་འགྲམ་ངོགས་བཅས་གང་ས་གང་དུ་བོད་བཟོའི་ཉམས་འགྱུར་ལྡན་པའི་གྲོང་མིའི་སྡོད་ཁང་གསར་པ་མཐོང་རྒྱུ་ཡོད།
བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་ལྗོངས་ཀྱིས་ཞིང་འབྲོག་པའི་བདེ་སྡོད་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགན་ལེན་སྡོད་ཁང་འཛུགས་སྐྲུན་སོགས་ལས་གྲྭའི་རྣམ་གྲངས་རབ་དང་རིམ་པ་ལག་བསྟར་བྱས་པ་བརྒྱུད། མང་ཚོགས་ཀྱི་སྡོད་གནས་ཁོར་ཡུག་ནུས་ཤུགས་ཡོད་རྒུས་ལེགས་སུ་བཏང་ཡོད། 2020ལོར་བོད་ཀྱི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཀྱི་སྡོད་ཁང་རྒྱ་ཁྱོན་སྨི་ངོས་གྲུ་41.46ཟིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་སྡོད་ཁང་གི་རྒྱ་ཁྱོན་སྨི་ངོས་གྲུ་33.4ཟིན་ནས་བདེ་སྐྱིད་སྟོན་གྲངས་ཤུགས་ཆེན་འཕར་ཏེ་མི་དེ་བས་མང་བར“སྡོད་སའི་ཁང་པ་ཡོད་པ”དང“ཞི་མཐུན་དང་སྡོད་མལ་ལ་འཚམ་པའི”ཕུགས་འདུན་མངོན་འགྱུར་ཡོང་བཞིན་ཡོད།
སྤྱི་ཚོགས་འགན་སྲུང་མ་དངུལ་གཏོང་བའི་ཐད། བོད་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མ་མཐའི་འཚོ་བའི་འགན་ལེན་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་བས་མ་མཐའི་འགན་ལེན་གྱི་ཚད་གཞི་ཟླ་རེར་མི་རེར་ཆ་སྙོམས་སྒོར་847ཟིན་པ་དང་ལོ་རེར་མི་རེར་ཆ་སྙོམས་སྒོར་4613ཟིན་ཡོད། དེ་དང་ཆབས་ཅིག་འགན་ལེན་ལྔའི་བསྙེན་བཀུར་དང་དྭ་ཕྲུག་གསོ་ཉར་ཐད“གཅིག་སྡུད་གཉིས”མངོན་འགྱུར་བྱུང་ནས་གྲོང་གསེབ་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཅིག་སྡུད་བསྙེན་བཀུར་རོགས་སྐྱོབ་ཀྱི་འཚོ་བའི་ཁ་གསབ་ལོ་རེར་མི་རེར་ཆ་སྙོམས་སྒོར་13213ཟིན་པ་དང་ཁ་ཐོར་བསྙེན་བཀུར་རོགས་སྐྱོབ་ཀྱི་འཚོ་བའི་ཁ་གསབ་ལོ་རེར་མི་རེར་ཆ་སྙོམས་སྒོར་7070ཟིན་ཡོད།
གཞན་ཡང་བོད་ཀྱིས་གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ནད་ཆེན་འགན་བཅོལ། སྨན་བཅོས་རོགས་སྐྱོབ། འཕྲལ་སྡོམ་རོགས་སྐྱོབ་བཅས་ཁ་གསབ་སྦྲེལ་མཐུད་ཀྱི་རིམ་པ་མང་བའི་སྨན་བཅོས་འགན་སྲུང་མ་ལག་བཙུགས་པས་སྨན་བཅོས་འཕྲོད་བསྟེན་གྱི་གཏོང་སྒོ་ལོར་ཆ་སྙོམས་20%ཙམ་འཕར་ཡོད། “ད་ཆ་ལྟོ་གོས་ལ་སེམས་ཁྲལ་མི་འདུག ང་དང་བཟའ་ཟླར་སྨན་བཅོས་འགན་བཅོལ་ཡོད་པས་སྨན་རིན་ཧ་ལམ་སྤྲོད་དགོས་ཀྱི་མི་འདུག ཚ་བོ་སློབ་གྲྭར་འགྲོ་སྐབས་ཀྱང་རྒྱལ་ཁབ་ཀྱིས་སློབ་ཡོན་སྤྲོད་ཀྱི་ཡོད་པས་འཚོ་བ་ཡག་པོ་འདི་འདྲ་དངོས་གནས་སྐྱིད་པོ་རེད”ཅེས་ད་ཆའི་འཚོ་བའི་སྐོར་གླེང་སྐབས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་བདེ་ཆེན་གྲོང་ཚོའི་ལོ་64ལ་སླེབས་པའི་གྲོང་མི་རྣམ་རྒྱལ་གྱི་སྐད་ཆ་ནས་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ལྷམ་མེར་ཚོར་ཐུབ། ཁོང་གིས“ད་ཆ་ང་ཚོ་མི་སེར་ཚོའི་འཚོ་བ‘ཉིན་རེ་བཞིན་ཇེ་ལེགས་ཇེ་ཡག་ཏུ་འགྲོ་བཞིན་ཡོད་པས’ཏང་གི་རྗེས་སུ་ནམ་ཡང་འབྲང་རྒྱུ་ཡིན”ཞེས་བརྗོད།
རང་སྐྱོང་ལྗོངས་དམངས་སྲིད་ཐིང་ཏང་ཙུའི་ཧྲུའུ་ཅི་སྤེན་པས་དམངས་སྲིད་ལས་དོན་ནི་དམངས་འཚོ་དང་དམངས་སེམས་དང་འབྲེལ་བ་ཡོད་པས། དེ་ནི་སྤྱི་ཚོགས་འཛུགས་སྐྲུན་གྱི་ཐ་སྐྱོང་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་ལས་དོན་ཞིག་རེད། གོམ་སྟབས་རྗེས་མར་དམངས་སྲིད་ཁོངས་གཏོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བློ་བརྟན་འགྱུར་མེད་ངང་ཟབ་སྦྱོང་མཐིལ་རྟོགས་བྱེད་པ་དང་བོད་ཀྱི་ལས་དོན་གྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ཁོང་དུ་ཡང་དག་ཆུད་པར་བྱས་ནས་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་བཅས་ཡིན་པའི་ཁེ་ཕན་གྱི་གནད་དོན་ལ་དམིགས་པ་དང་ལྷག་པར་དུ་དཀའ་ངལ་ཆེ་ཤོས་ཚོགས་སྤྱི་ནས་འགོ་བཙུགས་ཏེ་མངོན་གསལ་དོད་ཤོས་ཀྱི་གནད་དོན་ལ་དམིགས་ནས་གཞི་རྩའི་དམངས་འཚོ་འགན་སྲུང་དང་། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་། གཞི་རྩའི་སྤྱི་ཚོགས་ཞབས་ཞུ་སོགས་ཀྱི་འགན་འཁྲི་དེ་བས་ལེགས་པར་བསྒྲུབས་ནས། གཞི་རྩའི་ཐ་སྐྱོང་བྱེད་ས་འགན་ལེན་དང་གཞི་རྩའི་དམངས་འཚོའི་ཐ་སྐྱོང་གི་འགན་སྲུང་དྲ་བ་ཚགས་དམ་དུ་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད་བྱེད་པ་དང་། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་དང་དྭ་ཕྲུག་གཅིག་སྡུད་གསོ་ཉར་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། ན་སོ་དར་ལ་མ་བབས་པའི་མིར་གཅེས་སྐྱོང་དང་སྲུང་སྐྱོང་བྱེད་པ། “རྒན་བྱིས་གཉིས”ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་པ། བོད་རང་སྐྱོང་ལྗོངས་ཀྱི་དབང་པོ་སྐྱོན་ཅན་གྱི‘ཁ་གསབ་གཉིས’ཀྱི་ཚད་གཞི་བབ་བསྟུན་ལེགས་སྒྲིག་གི་ལམ་སྲོལ་རིམ་བཞིན་འཛུགས་པ། དམངས་སྲིད་དོ་དམ་ཞབས་ཞུའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ་རང་ལྗོངས་ཀྱི་དམངས་སྲིད་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།