རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས། མཐའ་མཚམས་སྟོབས་ཆེར་གཏོང་བའི་ལས་དོན་ནི་རང་ལྗོངས་ཀྱི“དོན་ཆེན་བཞིའི”གྲས་ཤིག་ཡིན་ལ། “རྒྱལ་ཁབ་ཀྱི་དོན་ཆེན”ཡང་ཡིན་པས། རྒྱལ་ཁབ་ཀྱི་བདེ་འཇགས་དང་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད། ཟླ་7ཚེས་21ཉིན་ནས་ཚེས་23ཉིན་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས། མཐའ་མཚམས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་མཐའ་མཚམས་སུ་གཞི་ཚུགས་པ་དང་། རྒྱལ་ཁབ་ཀྱི་ས་ཆ་སྲུང་བ། ཕ་ཡུལ་འཛུགས་སྐྲུན་བཅས་བྱེད་པར་ལྕག་སྐུལ་བྱེད་དགོས་ཞེས་ནན་བཤད་གནང་ཡོད།
མངགས་བཅོལ་ཟབ་མོ་ལས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་མཐའ་མཚམས་ས་ཁུལ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བའི་ཐད་ཐུགས་རེ་ཟབ་མོ་བཅངས་ཡོད། རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་མཐའ་མཚམས་ས་ཁུལ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱེད་པ་དང་། གོ་བ་གཏིང་ཟབ་ལེན་པ། ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་བཅས་བྱས་ནས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་ཡག་པོ་སྲུང་བ་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་ཡག་པོ་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་བྱུང་།“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལས་ང་ཚོར་ལྕག་སྐུལ་ཚད་མེད་དང་སེམས་འགུལ་ཆེན་པོ་ཐེབས་བྱུང་ལ། མཐའ་མཚམས་ཀྱི་འཐབ་ས་དང་པོའི་གྲོང་མི་ཚང་མའི་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་པའི་སྤྲོ་སེམས་ཀྱང་འཕེལ་བས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས་རྒྱལ་ཁབ་ཀྱི་མངའ་ཁོངས་ས་ཆ་སྦར་མཐིལ་ཙམ་ཡང་སྲུང་སྐྱོང་ཡག་པོ་བྱེད་ཀྱི་ཡིན”ཞེས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་འཁོར་ཆགས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དངོས་གྲུབ་ཀྱིས་བརྗོད་བྱུང་།
བོད་ནི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བོད་ཀྱི་ལས་དོན་ལ་ཁ་སྒྱུར་ཕྱོགས་སྟོན་གནང་བ་དང་དམངས་ཕྱུག་མཐའ་སྟོབས་ལ་འཐབ་འགོད་ཇུས་འདོན་གནང་བ་དང་། བོད་ཀྱི་མཐའ་མཚམས་བདེ་འཇགས་དང་མཐའ་མཚམས་འཛུགས་སྐྲུན་སྐོར་ལ་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་བ། སྲིད་ཇུས་གལ་ཆེན་རབ་དང་རིམ་པ་བཏོན་གནང་བ་དང་གཙོ་གནད་རྣམ་གྲངས་རབ་དང་རིམ་པ་བཀོད་སྒྲིག་གནང་སྟེ། བོད་སྐྱོང་བོད་བརྟན་བོད་དར་གྱི་བྱ་གཞག་ཐད་ཟམ་མི་ཆད་པར་ལེའུ་གསར་པ་དང་འགོ་གསར་པ་བརྩམ་རྒྱུར་སྣེ་ཁྲིད་གནང་ཡོད་པས། ང་ཚོས་དུས་རབས་གསར་པའི་མཐའ་མཚམས་སྟོབས་ཆེར་གཏོང་བའི་ལས་དོན་ཡག་པོ་སྒྲུབ་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་བ་མ་ཟད། སྒུལ་ཤུགས་ཆེན་པོ་ཞིག་ཀྱང་བསྣན་ཡོད།
ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་གིས་ལས་ཀའི་བསམ་ཕྱོགས་གསར་གཏོད་བྱས་ཏེ་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ཧུར་ཐག་བྱས་པས་མཐའ་མཚམས་མང་ཚོགས་ཀྱི་འཚོ་བ་དེ་བས་མཛེས་སྡུག་ལྡན་པ་ཞིག་ཏུ་གྱུར་ཡོད།
རྒྱལ་ཁབ་ཡོད་ན་གཞི་ནས་ཁྱིམ་ཚང་ཡོད། རྒྱལ་མཚམས་ཀྱི་བདེ་འཇགས་མེད་ན། ཁྱིམ་ཚང་ཁྲི་སྟོང་མང་པོའི་བདེ་འཇགས་མེད། རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་སྐལ་བཟང་མེ་ཏོག་ལྟར་མཐའ་མཚམས་སུ་གཞི་ཚུགས་པ་དང་། རྒྱལ་ཁབ་ཀྱི་ས་ཆ་སྲུང་བ། ཕ་ཡུལ་འཛུགས་སྐྲུན་བཅས་བྱས་ཡོད།
ནེ་པ་ལ་དང་ས་འབྲེལ་ཡིན་པའི་གཞིས་རྩེ་གྲོང་ཁྱེར་ས་དགའ་རྫོང་འཕྲང་སྒོ་ཤང་གི་ཆ་སྙོམས་ས་བབ་མཐོ་ཚད་སྨི་5000ཡན་ཟིན་གྱི་ཡོད། དེ་གར་བཅའ་སྡོད་མཐའ་སྲུང་མངགས་གཏོང་ཁང་གི་དཔོན་དམག་ཚོས“དཀའ་ཚེགས་ཆེ་ཡང་དཀའ་སྡུག་ལ་མི་སྐྲག་པ་དང་། གསོ་རླུང་དཀོན་ཡང་སྙིང་སྟོབས་མི་ཉམས་པའི”གཟི་བརྗིད་སྲོལ་རྒྱུན་དར་སྤེལ་བཏང་སྟེ་ལམ་ཐག་སྤྱི་ལེ་105ཡོད་པའི་མཐའ་མཚམས་ལམ་ཐིག་དང་སྤྱི་ལེ་ངོས་གྲུ་3370ཡི་མཐའ་མཚམས་དོ་དམ་ཁུལ་བརྟན་སྲུང་བྱས་ཡོད།
མཐའ་མཚམས་ལམ་ཐིག་རིང་བ་དང་ཁོངས་གཏོགས་ཁུལ་གྱི་རྒྱ་ཁྱོན་ཆེ་བས་མཐའ་མཚམས་ཀྱི་བདེ་འཇགས་སྲུང་སྐྱོང་དེ་བས་ལེགས་པ་བྱ་ཆེད། འཕྲང་སྒོ་ཤང་མཐའ་སྲུང་མངགས་གཏོང་ཁང་གིས་འཕྲང་སྒོ་ཤང་གི་ཞིང་འབྲོག་པའི་མཉམ་འགོག་རུ་ཁག་བཙུགས་པ་རེད། དེའི་ཁྲོད་འཕྲང་སྒོ་ཤང་གི་སྦག་སྦག་མཐའ་མཚམས་སྐོར་གཡེང་རུ་ཁག་ནི་མཉམ་འགོག་རུ་ཁག་གི་རུ་མི་དང“གཉིས་ལྡན་དུད་སྦྲེལ”གྱི་སྤྱི་མི་ལས་གྲུབ་པ་ཞིག་རེད། ཁོང་ཚོས་སྦག་སྦག་བཞོན་ནས་རི་མཐོའི་གྲོག་རོང་ཁྲོད་བསྐྱོད་དེ་མེས་རྒྱལ་གྱི་མཐའ་མཚམས་རྒྱུད་དུ་སྐོར་གཡེང་བྱེད་ཀྱི་ཡོད།
མཉམ་འགོག་རུ་ཁག་ནང་ཞུགས་རྒྱུ་ནི་ས་གནས་དེ་གའི་མང་ཚོགས་ཀྱི་གཟི་བརྗིད་ལྡན་པའི་བྱ་བ་ཞིག་ལ་གྱུར་ཡོད། མཉམ་འགོག་རུ་ཁག་ནང་ཞུགས་པའི་ཐོག་མའི་བསམ་ཚུལ་འདྲི་སྐབས་ས་གནས་དེ་གའི་མང་ཚོགས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་འོག་མང་ཚོགས་ཀྱི་འཚོ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། མཐའ་མཚམས་ཀྱི་འཐབ་ས་དང་པོའི་གྲོང་མི་ཞིག་ཡིན་པའི་ངོས་ནས་མཐའ་མཚམས་ཀྱི་འཐབ་ས་དང་པོའི་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པར་དོར་ཐབས་མེད་པའི་འགན་འཁྲི་ཡོད་ཅེས་མགྲིན་གཅིག་ཏུ་བརྗོད་བྱུང་།
“མེས་རྒྱལ་མངའ་ཁོངས་ཀྱི་རྩྭ་རྩི་ཤིང་ཚུན་ཆད་ང་ཚོས་ཡག་པོ་བསྲུང་རྒྱུ་ཡིན” ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངགས་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བརྩོན་ལེན་བྱས་ཏེ། མེས་རྒྱལ་གྱི་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་བའི་འགན་འཁྲི་ཕྲག་ཏུ་འཁུར་བ་དང་། ལག་ཏུ་དམ་པོར་འཛིན། དོན་ཐོག་ཏུ་འཁྱོལ་བ་བཅས་བྱས་ཁར། མེས་རྒྱལ་གྱི་མངའ་ཁོངས་ས་ཆ་སྦར་མཐིལ་ཙམ་ཡང་སྲུང་སྐྱོང་ཡག་པོ་བྱས་ཏེ་མེས་རྒྱལ་གྱི་མཐའ་མཚམས་དེ་བས་མཛེས་སྡུག་ལྡན་པ་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས།