དབུ་ཤོག>ཆེད་སྒྲིག
  • སྔོན་སྐྱོད་ལེན་ཤོག་གི་ཡན་ལག་རུ་ཁག་བསྐྱོད་མྱོང་བའི་འབྲོག་ར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཞོགས་གཡང་དང་། ལི་ཡིའུ་ཅུན། མིག་དམར། ཀྲང་ཡུས།   |     སྤེལ་དུས།  2021-09-18

    1083589_yis_1631894400000_s.jpg

    འདི་ནི་དགེ་རྒྱས་རྫོང་ཡག་ར་ཤང་ཡིན་པ།

    ཟླ་5ཚེས་29ཉིན། མའོ་ཙེ་ཏུང་གིས་ནུབ་བྱང་དམག་ཁུལ་ལ་ཏར་འཕྲིན་བཏང་གནང་སྟེ། “ཤིན་ཅང་ནས་མངའ་རིས་སུ་དཔུང་སྐྱོད་བྱེད་མཁན་སྔོན་སྐྱོད་དཔུང་སྡེར་མུ་མཐུད་སྒར་བར་མྱུལ་ཞིབ་བྱེད་པའི་འགན་ཁུར་དགོས”ཞེས་བཀའ་ཕབ།

    ཟླ་6ཚེས་2ཉིན། སྔོན་སྐྱོད་ལེན་ཤོག་གི་དཔོན་དམག་45ལས་སྒར་དུ་དཔུང་སྐྱོད་བྱེད་མཁན་སྔོན་སྐྱོད་ཡན་ལག་རུ་ཁག་གྲུབ་པ་དང་། ལི་ཙི་ཞང་དང་ཕེང་ཆིང་ཡུན་གཉིས་ཀྱིས་རུ་ཁག་དེའི་འགན་ཁུར།

    ཟླ་6ཚེས་6ཉིན། ཡན་ལག་རུ་ཁག་དང་ཨན་ཀྲི་མིང་དཔུང་སྡེས་མཉམ་དུ་དཔུང་སྐྱོད་དམ་བཅའ་བཞག

    སྔོན་སྐྱོད་ལེན་ཤོག་ཡན་ལག་རུ་ཁག་སྒེར་རྩེ་ནས་རྡོག་ཐོན་བྱས་རྗེས་ཡུན་རིང་མ་འགོར་བར་བྱང་རྩྭ་ཐང་གི་མཐིལ་དུ་འབྱོར་བ་དང་། མཐའ་བཞི་གངས་རིས་བསྐོར་ལ་རྩྭ་ཐང་མུ་མཐའ་མི་མངོན་ཞིང་། སྐབས་འགར་གྲང་རླུང་འུར་འུར་དུ་ལྡང་བ་དང་ཡང་སྐབས་འགར་ས་གཞི་ཡོངས་ཁ་བས་བཀླུབས།

    ཉིན་10ལྷག་ཙམ་བསྐྱོད་མཐར་སྔོན་སྐྱོད་ཡན་ལག་རུ་ཁག་གཞི་ནས“བླ་མཚོ་བཅུ་གཉིས”ཀྱི་མི་མེད་ཁུལ་ལས་སྒྲོལ་ཐུབ་ཙམ་བྱུང་། འདི་གར་ནད་གཞི་ཕོག་ནས་ཡུན་རིང་སྨན་བཅོས་མ་ཐུབ་པའི་ནད་པ་མང་པོའི་ནད་གཞི་ལྕི་རུ་ཕྱིན་པ་དང་དམག་རྟ་ཡང་གསུམ་ཆ་གཅིག་ཙམ་ཤོར།

    —— 《བོད་སྐྱོད་དཔའ་བོའི་སྔོན་སྐྱོད་ལེན་ཤོག》ལས་བཏུས།

    ཟླ་6ཚེས་27ཉིན་ཚྭ་ཁའི་བཅར་འདྲི་མཇུག་འགྲིལ་དུས་ཕྱི་དྲོའི་ཆུ་ཚོད་གཉིས་པ་ཟིན་གྱི་འདུག “སྔོན་སྐྱོད་ལེན་ཤོག་རུ་ཁག་གི་རྗེས་ཤུལ་འཚོལ་བའི”བཅར་འདྲིའི་འཕྲིན་སྤེལ་ཚོགས་ཆུང་སླར་ཡང་ཡག་རའི་ཕྱོགས་སུ་བསྐྱོད།

    ཚྭ་ཁ་དང་ཡག་ར་གཉིས་ཀ་དགེ་རྒྱས་རྫོང་ཁོངས་སུ་གཏོགས། ཡག་ར་ནི་རྫོང་གི་ཤར་ལྷོའི་རྒྱུད་དུ་གནས་ཤིང་། སྒེར་རྩེ་རྫོང་དང་། སྤུ་ཧྲེང་རྫོང་། འབྲོང་པ་རྫོང་བཅས་དང་ས་འབྲེལ་ཡིན། ད་ཆ་ཡག་ར་བར་སྣུམ་ནག་གཞུང་ལམ་བཏིང་ནས་འགྲོ་སྐྱོད་སྟབས་བདེ་པོ་ཡོད་རུང་འགྲོ་འོང་བྱེད་མཁན་གྱི་རླངས་འཁོར་ཧ་ཅང་ཉུང་ཉུང་རེད། གོ་ཐོས་ལྟར་ན། ཡག་ར་གནས་སའི་ས་ཁམས་ཁོར་ཡུག་དམིགས་བསལ་ཡིན་པའི་སྟབས་ཀྱིས་དེ་གར་སྔར་བཞིན་རི་སྐྱེས་སྲོག་ཆགས་ཀྱི་དགའ་ཚལ་ཡིན་པ་དང་། མང་ཤོས་ནི་འབྲོང་དང་གཙོད་རེད།

    ང་ཚོ་ངེས་པར་དུ་ཡག་ར་ཤང་ལ་སྐྱོད་དགོས་དོན་གང་ཡིན་ནམ།

    ལྷ་ས་ནས་ཐོན་རྗེས། ཟླ་6ཚེས་6ཉིན་གྱི་ཕྱི་དྲོ་དགེ་རྒྱས་རྫོང་གྲོང་དུ་འབྱོར་སྐབས། འཕྲིན་སྤེལ་ཚོགས་ཆུང་གིས་ཁྲོམ་གཞུང་ནས་བྲེལ་འཚུབ་ངང་མངའ་རིས(དགེ་རྒྱས)ཐད་གཏོགས་མཛོད་ཀྱི་གསར་བརྗེའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིའི་སྤྱི་ཁྱབ་ཇུས་འགོད་ཆེ་མོ་བ་མིག་དམར་ཚེ་རིང་དང་ཐུག་འཕྲད་བྱས། “མངའ་རིས་ཀུན་ཤེས”ཞེས་འབོད་པའི་རྒན་ཡོལ་ཞུས་པའི་ལས་བྱེད་པ་དེས་ང་ཚོ་ད་ཐེངས་འདི་གར་ཡོང་དོན་ཤེས་རྗེས། “ཁྱེད་ཚོ་ཡག་ཤོས་བྱུང་ན་དགེ་རྒྱས་རྫོང་ཡག་ར་ཤང་དུ་ཐེངས་གཅིག་སྐྱོད་དགོས”ཞེས་བཤད་བྱུང་།

    རི་ལམ་ཀྱག་ཀྱོག་བརྒྱུད་ཅིང་། དཀའ་སྤྱད་སྡུག་རུས་ཀྱིས་མདའ་མདོ་ལ་བརྒྱབ་རྗེས་ས་བབ་མཐོ་ཚད་སྨི་5200ཡན་ཟིན་གྱི་འདུག ཡུན་རིང་མ་འགོར་བར་རླངས་འཁོར་གཡས་ངོས་ཀྱི་མདུན་ཕྱོགས་ནས་གྲོང་ཚོའི་ཁང་པ་ཁ་ཤས་མཐོང་རྒྱུ་ཡོད་པ་དང་། ལ་བརྒྱབ་རྗེས་ཁང་པ་ཇེ་མང་དུ་ཕྱིན་སོང་།

    ཆུ་ཚོད་3ལྷག་ཙམ་རིང་ལམ་ཐག་སྤྱི་ལེ་175བསྐྱོད་མཐར་གཞི་ནས་ཡག་ར་ཤང་དུ་འབྱོར་བྱུང་།

    ན་གཞོན་ཤང་ཀྲང་སྤེན་པ་དངོས་གྲུབ་དང་ཤང་གི་ལས་བྱེད་པ་སྔ་ས་ནས་སྲིད་གཞུང་གི་སྒོ་འགྲམ་དུ་ང་ཚོ་བསྒུགས་ནས་བསྡད་འདུག ཁོང་གིས་ང་ཚོ་མཐོང་མ་ཐག“ཤང་ནས་གདན་དྲངས་པའི་བགྲེས་སོང་ཁོང་ཚོ་ནང་དུ་ཁྱེད་ཚོ་སྒུག་བསྡད་འདུག”ཅེས་བཤད་བྱུང་།

    ཁོང་ཚོ་ནི་སེར་ལེ་ཕུག་གྲོང་ཚོ་ནས་ཡིན་པའི་ལོ་91ལ་སླེབས་པའི་བློ་བཟང་ཉི་མ་དང་། ལོ་81ལ་སླེབས་པའི་བསམ་གཏན། ལོ་54ལ་སླེབས་པའི་སྲི་ཐར། ད་དུང་ལྷོ་མ་གྲོང་ཚོ་ནས་ཡིན་པའི་བགྲེས་སོང་དབང་དར་བཅས་རེད།

    ང་ཚོ་སྔོན་སྐྱོད་ལེན་ཤོག་གི་རྗེས་ཤུལ་འཚོལ་བར་ཡོང་པ་ཤེས་རྗེས། ཚང་མར་གཏམ་རྒྱུད་བརྗོད་པའི་འདུན་པ་ཧ་ཅང་ཆེན་པོ་འདུག

    ལོ་81ལ་སླེབས་པའི་བགྲེས་སོང་བསམ་གཏན་གྱིས་ལུས་ལ་སྲོལ་རྒྱུན་གྱི་པགས་ཚགས་ཤིག་དང་། མགོ་བོར་རྒྱ་གར་ཞྭ་མོ་ཞིག་གྱོན་ཞིང་། ཞིབ་མོར་བསླས་པའི་སྐྲའི་ལན་བུ་ཕྲག་སྟེང་དུ་གློད་པ་དང་། རྒན་པོའི་མིག་ཤེལ་འོག་ནས་གདང་མ་ཟུམ་གྱི་མིག་ཟུང་མཐོང་གི་འདུག

    བསམ་གཏན་ལོ་10ལྷག་ཙམ་ལ་སླེབས་པའི་ལོ་དེར་ཐེངས་ཤིག་ཕ་དང་མཉམ་དུ་སེར་ལེ་ཕུག་གི་དགོན་པར་ཤིང་ཆ་སྐྱེལ་བར་འགྲོ་སྐབས། དགོན་པའི་ཉེ་འགྲམ་དུ་བཅའ་སྡོད་བྱས་པའི་རྒྱུས་མངའ་མེད་པའི་མི་ཁྱུ་གཅིག་དང་འཕྲད། སྐབས་དེ་དུས་ཁོང་ཚོས་མི་དེ་དག་ནི་སྔོན་སྐྱོད་ཡན་ལག་རུ་ཁག་གི་དཔོན་དམག་ཡིན་པ་ཤེས་ཀྱི་མེད།

    “ངའི་ཨ་ཕས་ཁོང་ཚོར་འོ་མ་ཏོག་ཙམ་སྤྲད་པ་དང་། ཁོང་ཚོས་དེའི་ཚབ་ལ་གྲོ་ཞིབ་སྤྲད་སོང་། དེ་གོང་གྲོ་ཞིབ་མཐོང་མྱོང་མེད་པས་ནང་ལ་འཁྱེར་ཡང་གང་འདྲ་བྱས་ཏེ་ཟ་དགོས་མིན་ཤེས་ཀྱི་མེད། ཕྱིས་སུ་ཁོང་ཚོ་ཡང་བསྐྱར་ཐུག་སྐབས་བག་ལེབ་ཟ་བཞིན་ཡོད་པ་དང་། ང་ཚོར་ཡང་བག་ལེབ་སྟེར་བྱུང་བས། དེ་དུས་གཞི་ནས་བག་ལེབ་གྲོ་ཞིབ་ཀྱིས་བཟོས་པ་ཤེས་བྱུང”ཞེས་བགྲེས་སོང་བསམ་གཏན་གྱིས་བཤད་བྱུང་།

    ལོ་91ལ་སླེབས་པའི་བགྲེས་སོང་བློ་བཟང་ཉི་མས་དྲན་གསལ་ལ། སྔོན་སྐྱོད་ཡན་ལག་རུ་ཁག་སེར་ལེ་ཕུག་ཏུ་འབྱོར་དུས་གནམ་གཤིས་དྲོ་རུ་ཕྱིན་ཟིན། ཁོང་གིས“ཁོང་ཚོ་དགོན་པའི་ཉེ་འགྲམ་དུ་དབྱར་ཐོག་གཅིག་བསྡད་སོང་། སྐབས་དེ་དུས་ང་ཚོས་ཁོང་ཚོར‘མི་སེར་སྒྲོལ་དམག་ཅེས་འབོད་ཀྱི་ཡོད། སྐད་བརྡ་མི་འཕྲོད་པའི་རྐྱེན་གྱིས་མཚམས་རེ་ལྐུགས་བརྡ་བྱས་ནས་སྤེལ་རེས་བྱེད་མོད། འོན་ཀྱང་མང་ཆེ་བ་ནི་གཅིག་གིས་གདོང་ལ་གཅིག་གིས་བལྟས་ནས་ཕན་ཚུན་གད་མོ་དགོད་པ་དེ་རེད”ཅེས་བློ་བཟང་ཉི་མས་ལག་གཅིག་ཏུ་འཁར་རྒྱུག་འཁྱེར་བ་དང་ལག་གཅིག་གིས་མདུན་ཕྱོགས་ལ་མཛུབ་མོ་བཙུགས་ཏེ་དེ་ལྟར་བཤད་བྱུང་།

    མངའ་རིས་ས་ཁུལ་དུ་འབྱོར་རྗེས་ང་ཚོས་སླར་ཡང་མིག་དམར་ཚེ་རིང་ལ་ཆེད་མངགས་བཅར་འདྲི་བྱས་ཏེ། ཁོང་གི་ས་ནས་ཡག་ར་ཤང་དང་སྔོན་སྐྱོད་ཡན་ལག་རུ་ཁག་གི་འབྲེལ་ཡོད་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་ཐོབ་རེ་བྱས་པ་ཡིན། མིག་དམར་ཚེ་རིང་གིས་ཤེས་པར་གཞིགས་ན། 1951ལོའི་ཟླ་6པར་སྔོན་སྐྱོད་ལེན་ཤོག་གི་དཔོན་དམག་ལྷག་མ་དང་དེ་བཞིན་རྗེས་མཐུད་ཀྱི་ཨན་ཀྲི་མིང་དཔུང་སྡེ་སྒེར་རྩེའི་གྲ་མ་མང་པོ་ནས་རྡོག་ཐོན་བྱས་ཏེ་དགེ་རྒྱས་ཀྱི་ཚྭ་ཁ་དང་། ཤང་ཀླུ་ལྷ་ཁང་དགོན། གཞུང་པ། ཡག་རའི་སེར་ལེ་ཕུག་གྲོང་ཚོ་བཅས་བརྒྱུད་ཡོད་པ་རེད། མིག་དམར་ཚེ་རིང་གིས“སྔོན་སྐྱོད་ཡན་ལག་རུ་ཁག་ཡག་རར་འབྱོར་རྗེས་སེར་ལེ་ཕུག་ཏུ་དབྱར་ཐོག་གཅིག་བཅའ་སྡོད་བྱས་ནས་ས་གནས་དེ་གའི་མི་སེར་ལ་བཟའ་ཆས་བསྐྱལ་བ་མ་ཟད། བྱ་བཟང་ཡང་མང་པོ་བསྒྲུབས་ཡོད”ཅེས་བཤད་བྱུང་།

    ས་གནས་དེ་གའི་རྒན་རྒོན་ཚོའི་ངག་རྒྱུན་དུ་འཇགས་པའི་དཔྱད་གཞི་བསྡུ་ལེན་བྱེད་ཆེད། ཉེ་བའི་ལོ་གཉིས་ནང་མིག་དམར་ཚེ་རིང་ལམ་དེར་ཐེངས་གཉིས་བསྐྱོད་པ་རེད། ཁོང་གིས“ས་གནས་དེ་གའི་མི་སེར་གྱི་ངག་རྒྱུན་དུ་འཇགས་པའི་ལོ་རྒྱུས་ཀྱི་དཔྱད་གཞི་བརྒྱུད་དམག་དོན་དངོས་རྫས་ཁག་གཅིག་ཀྱང་རྙེད་བྱུང་། དཔང་རྟགས་ཁུངས་སྐྱེལ་བྱས་རྗེས་ང་ལ་སྡོམ་ཚིག་ཅིག་ཐོབ་པ་སྟེ། ལོ་70ཡི་གོང་སྔོན་སྐྱོད་ལེན་ཤོག་ཡག་ར་བརྒྱུད་སྤུ་ཧྲེང་གི་བར་ག་རུ་འབྱོར། སྔོན་ལ་སྤུ་ཧྲེང་བཅིངས་འགྲོལ་བཏང་བ་དང་མཐར་མངའ་རིས་བཅིངས་འགྲོལ་བཏང་བ་རེད”ཅེས་བཤད་བྱུང་།

    དུས་ཚོད་ཀྱིས་རྐྱེན་པས་ང་ཚོ་མིག་དམར་ཚེ་རིང་གིས་བཤད་པའི་སྐབས་དེ་དུས་དཔུང་སྡེ་བཅའ་སྡོད་བྱ་ཡུལ་སེར་ལེ་ཕུག་ཏུ་སླེབས་མ་བྱུང་། འོན་ཀྱང་ཁོང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ལོ་70ཡི་རིང་དུས་ཀྱི་འཕོ་འགྱུར་སྣ་ཚོགས་བྱུང་ཞིང་། ཡག་ར་ཤང་སེར་ལེ་ཕུག་གི་དེ་སྔའི་དམག་དོན་འཛིང་རགས་དག་ད་ཆ་བྱེ་རླུང་གིས་བསྣུབས་མོད། འོན་ཀྱང་ས་གནས་དེ་གའི་བགྲེས་སོང་མང་པོ་ཞིག་ཡུལ་དེར་སྐྱོད་པའི་སྐབས་སུ་རྗེས་ཤུལ་རྙེད་ཀྱི་ཡོད།

    “ང་ལ་རྗེས་ཤུལ་དེ་དག་ནས་བཅིངས་འགྲོལ་དམག་གི་ཤུལ་བཞག་དངོས་རྫས་རེ་གཉིས་རྙེད་བྱུང་། དེ་དག་ད་ལྟ་མངའ་རིས་ཐད་གཏོགས་མཛོད་ཀྱི་གསར་བརྗེའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་ཉར་ཚགས་བྱས་ཡོད། དེ་འདྲ་བྱེད་དོན་ནི་དྲན་གསོ་ཞུ་ཆེད་ཡིན”ཞེས་མིག་དམར་ཚེ་རིང་གིས་བཤད་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།