ཉིང་ཁྲིར“སྤོ་བོའི་སྡོང་ཕུང”ནི་གང་སར་སྐད་གྲགས་ཆོད་པའི་མིང་བྱང་ལྟ་བུ་རེད། དེ་ནི་རྒྱལ་ཁབ་ས་ཁམས་མཚོན་རྟགས་ཀྱི་ཐོན་རྫས་ཤིག་རེད་ལ། རང་ལྗོངས་ཀྱི་ཚོང་རྟགས་གྲགས་ཅན་གྱི་ཐོན་རྫས་ཤིག་ཀྱང་རེད།
2017ལོར། སྤོ་བོ་རྫོང་གི་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་རྟེན་གཞི་དེ་ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱིས“རྒྱལ་ཡོངས་ཚན་རྩལ་གྱིས་གནད་སྨིན་དབུལ་སྐྱོར་ལས་དོན་ལ་རམ་འདེགས་བྱེད་པའི”སྔོན་ཐོན་ཚོགས་པར་བདམས་པ་དང་། སྤོ་བོ་རྫོང་གི་སྡོང་ཕུང་བཀོལ་སྤྱོད་དང་ཞིབ་འཇུག་རྣམ་གྲངས་ལ་རང་སྐྱོང་ལྗོངས་ཀྱི“ཚན་རིག་ལག་རྩལ”གྱི་བྱ་དགའ་རིམ་པ་གསུམ་པ་ཐོབ་པ། 2018ལོར། སྤོ་བོའི་སྡོང་ཕུང་ཁྱབ་གདལ་འདེབས་འཛུགས་ལག་རྩལ་ལ་ཉིང་ཁྲི་གྲོང་ཁྱེར་གྱི་སྐབས་དང་པོའི“ཚན་རིག་ལག་རྩལ”གྱི་བྱ་དགའ་རིམ་པ་གཉིས་པ་ཐོབ་ཡོད།
གྲངས་གཞི་ལས་མངོན་གསལ། 2020ལོར། ཉིང་ཁྲི་གྲོང་ཁྱེར་གྱིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་191.34ལེགས་སྒྲུབ་བྱས་པས་1986ལོར་ཉིང་ཁྲི་ས་ཁུལ་སླར་གསོ་བྱས་པའི་སྐབས་ཀྱི་ལྡབ་289ཡིན་པ་དང་ལོ་རེར་ཆ་སྙོམས་18.1%འཕར་ཡོད། དེའི་ནང་ཚན་རྩལ་གྱིས་དཔལ་འབྱོར་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་ཚད་45%ཟིན་པ་དང་ཞིང་འབྲོག་ལས་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་ཚད་50%ཟིན་ཡོད།
ཚན་རྩལ་ལ་བརྟེན་ནས་ཐོན་ལས་འཕེལ་རྒྱས་ལ་རམ་འདེགས་བྱས་པ།
སྣང་རྫོང་དུང་དཀར་གྲོང་རྡལ་དུ་ཡོད་པའི་ནོར་གྲོང་ཚོའི་སུར་པན་འདེབས་འཛུགས་རྟེན་གཞིའི་མུའུ་100ལྷག་ཙམ་གྱི་སུར་པན་ལ་ལོ་ལེགས་བྱུང་ཡོད། གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཕུན་ཚོགས་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོ་ཆར་ཆུ་འབེལ་ལ་གནམ་གཤིས་ཀྱང་ཡག་པོ་བསྟན་སྟབས། མུའུ་རེ་ནས་སུར་པན་ཐོན་འབབ་སྤྱི་རྒྱ་1500ཟིན་པ་དང་ཡོང་འབབ་ཁེ་གཙང་སྒོར་6000ཡས་མས་བྱུང་ཡོད།
ཚན་རྩལ་དང་ཞིང་ལས་སོགས་གོང་རིམ་སྡེ་ཚན་ཁག་གི་རྒྱབ་སྐྱོར་འོག ནོར་གྲོང་ཚོས་2020ལོ་ནས་བཟུང་གྲོང་ཚོ་ཡོངས་ཀྱི་སུར་པན་རྟེན་གཞི་བསྡུ་སྒྲིལ་བྱས་ཏེ། ནོར་གྲོང་ཚོའི་སུར་པན་འདེབས་འཛུགས་རྟེན་གཞི་བཙུགས་པ་མ་ཟད། ཆེད་ལས་ལག་རྩལ་མི་སྣ་སུར་པན་འདེབས་འཛུགས་དང་གཡོག་བྱེད་ཀྱི་བརྒྱུད་རིམ་ཧྲིལ་པོར་མཛུབ་ཁྲིད་བྱེད་པར་གདན་དྲངས་ཏེ། “ཐོག་མེད་འདེབས་འཛུགས”དེ་གཞི་ཁྱོན་ལྡན་པའི“དྲོད་ཁང་ཆེ་མོའི་འདེབས་འཛུགས”སུ་བསྒྱུར་བ་དང་། ཀུ་ཤུ་སྤེལ་འདེབས་དང་སྟར་ཁ་སྤེལ་འདེབས་སོགས་ཀྱི་བྱ་ཐབས་སྤྱད་དེ་སུར་པན་འདེབས་འཛུགས་དང་། གཡོག་བྱེད། ཕྱིར་ཚོང་སོགས་ཀྱི་ལྷུ་ཚིགས་ཚང་མ་གཅིག་གྱུར་བཟོས་པས། གྲོང་མི་ཚོའི་སུར་པན་འཚོང་བའི་གནད་དོན་ཐག་གཅོད་ཐུབ་ཡོད་ལ་སུར་པན་གྱི་ཐོན་འབབ་ཆེ་རུ་དང་སྤུས་ཚད་མཐོ་རུའང་ཕྱིན་ཡོད།
ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་རང་སྐྱོང་ལྗོངས་དང་རིམ་པ་དེ་གའི་ཚན་རྩལ་འཆར་འགོད་རྣམ་གྲངས་46སྒྲིག་འཛུགས་ལག་བསྟར་བྱས་པར་ཆེད་སྤྱོད་མ་དངུལ་སྒོར་ཁྲི་8846དོན་འཁྱོལ་བྱས་པ་དང་། “རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་གཏོང་བའི་ཉིང་ཁྲིའི་ཚོད་ལྟ་ཁུལ”འཛུགས་སྐྲུན་བྱེད་པའི་ཆེད་སྤྱོད་མ་དངུལ་སྒོར་ཁྲི་4500བཏང་བ། “ས་ཁོངས་ཚན་རྩལ་གསར་གཏོད”ལ་ཆེད་སྤྱོད་མ་དངུལ་སྒོར་ཁྲི་1000བཏང་ཡོད། 2016ལོ་ནས་བཟུང་། ཉིང་ཁྲི་གྲོང་ཁྱེར་གྱིས་དཔེ་སྟོན་གྱི་སོན་གསར་22ནང་འདྲེན་དང་། བཟོ་རྩལ་གསར་པ་ཁག་5གསར་སྤེལ། ཐོན་རྫས་གསར་པ་8ཞིབ་འཇུག་གསར་སྤེལ། ཐོན་སྐྱེད་སྒྲུབ་རིམ་5གསར་འཛུགས། དཔེ་སྟོན་རྟེན་གཞི་23འཛུགས་གཏོད། དཔེ་སྟོན་རྟེན་གཞིའི་རྒྱ་ཁྱོན་མུའུ་3800ལྷག་ཙམ་ཟིན་པ། ལག་རྩལ་གསར་པ་ཁག་10ཁྱབ་སྤེལ། ཤང་གྲོང་32ལ་ཁྱབ་པ། སྤྱི་ཚོགས་ལ་ཐད་ཀའི་དཔལ་འབྱོར་ཕན་འབྲས་སྒོར་ཁྲི་6000ཡན་འཕར་སྣོན་བྱུང་བ། ས་གནས་དེ་གའི་འདེབས་འཛུགས་དང་གསོ་ཚགས་ཆེད་ལས་དུད་ཚང་དང་ཕྱུག་འགྱུར་འཇོན་ཐང་ཅན་2300ལྷག་ཙམ་ལ་སྐུལ་ཁྲིད་བཅས་བྱས་ཡོད།
ཆེད་མངགས་པས་ཕྱུག་འགྱུར་གྱི་རེ་བ་གསར་པ་སྦྱིན་པ།
ཚན་རྩལ་གྲུབ་འབྲས་གཞན་སྒྱུར་གྱིས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བར་ཤེས་ལྡན་པ་ནི་འགག་རྩ་རེད། 2006ལོར་ཉིང་ཁྲི་གྲོང་ཁྱེར་གྱི་ཚན་རྩལ་ཆེད་མངགས་པའི་ལམ་ལུགས་ཁྱབ་གདལ་བཏང་ཚུན། རྒྱ་ཆེའི་ཚན་རྩལ་ཆེད་མངགས་པས“ཞིང་གསུམ”ལ་ཞབས་འདེགས་ཞུ་རྒྱུ་དེ་འགོ་འཛུགས་ས་དང་དོན་ལ་བབས་ས་དང་། ཚན་རྩལ་ཤེས་ལྡན་མི་སྣ་གཙོ་རྐང་། ཚན་རྩལ་གྲུབ་འབྲས་སྦྲེལ་ཐག་བཅས་སུ་བྱ་རྒྱུ་མཐའ་འཁྱོངས་བྱས་པས། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།
བླ་གདན་གྲོང་ཚོའི་ཚན་རྩལ་ཆེད་མངགས་པ་དབང་སྐྱིད་ཀྱིས་2016ལོར་སེ་འབྲུ་འདེབས་འཛུགས་རྟེན་གཞི་འགན་གཙང་བླངས་རྗེས། ཕྱོགས་གཅིག་ནས་དགེ་རྒན་གྱི་ས་ནས་ལག་རྩལ་སྦྱངས་པ་དང་། ཕྱོགས་གཞན་ཞིག་ནས་ཁྲོམ་རར་ཚོང་ལམ་འཚོལ་བར་བསྐྱོད་པ་མ་ཟད། ད་དུང་གྲོང་མི་ཚོར་རྟེན་གཞིར་གླ་པར་ཡོང་རྒྱུའི་ཁྲིད་སྟོན་ཧུར་ཐག་བྱས་ནས་གྲོང་མི་ཚོའི་ཡོང་འབབ་འཕར་ཐབས་བྱས་ཡོད། ལོ་ཤས་རིང་རྟེན་གཞིའི་དཔལ་འབྱོར་གྱི་ཕན་འབྲས་རྒྱུན་ཆད་མེད་པར་མངོན་གསལ་དོད་དུ་ཕྱིན་ཡོད།
“སྨན་ཡུལ”ཞེས་འབོད་པའི་སྨན་གླིང་རྫོང་གནས་ཡུལ་གྲོང་ཚོའི་ཚན་རྩལ་ཆེད་མངགས་པ་སངས་རྒྱས་ཆོས་འཕེལ་གྱིས་2013ལོར་སྨན་གླིང་རྫོང་བྲག་དགོན་ལུང་ཤུར་སྨན་རྩྭ་འདེབས་འཛུགས་ཚད་ཡོད་ཀུང་སི་བཙུགས་པ་དང་། གྲོང་མི་ཚོར་ས་ཞིང་མ་རྐང་ནང་ཞུགས་པའི་རྣམ་པའི་ཐོག་ནས་མུའུ་380ལྷག་ཙམ་གྱི་སྨན་རྩྭ་ཚད་ལྡན་ཅན་གྱི་འདེབས་འཛུགས་རྟེན་གཞི་བསྐྲུན་རྒྱུའི་སྐུལ་སློང་བྱས་ཁར། གྲོང་མི་ཚོའི་སྣེ་ཁྲིད་དེ་སྨན་རྩྭ་འདེབས་འཛུགས་ལས་རིགས་ལ་གཞོལ་ནས་ཕྱུག་འགྱུར་ལམ་བུར་བསྐྱོད་ཡོད།
ལོ་ཤས་རིང་འཕེལ་རྒྱས་བཏང་བ་བརྒྱུད། སངས་རྒྱས་ཆོས་འཕེལ་གྱིས་བཙུགས་པའི་སྨན་རྩྭ་འདེབས་འཛུགས་རྟེན་གཞིའི་ལོ་རེའི་ཡོང་འབབ་སྒོར་ཁྲི་40ལྷག་ཙམ་ཟིན་པ་དང་། གྲོང་ཚོའི་གྲོང་མི་38ལ་སྐུལ་ཁྲིད་ཐུབ་ནས་ལོ་རེར་མི་རེར་ཆ་སྙོམས་འབབ་འཕར་སྒོར་3000བྱུང་ཡོད།
གྲུབ་འབྲས་གཞན་སྒྱུར་བྱས་པ་ལས་དམངས་ལ་ཕན་པ་དེ་བས་ཆེ་བ་ཐོབ་པ།
ཉིང་ཁྲིའི་རྒྱལ་ཁབ་ཞིང་ལས་ཚན་རྩལ་གླིང་དུ་གནས་པའི“ཀོ་ཤ་མངོན་འགྱུར་བའི་ལས་ཁང”གིས་ཉིང་ཁྲིའི་ཁྱད་ཆོས་ལྡན་པའི་ཤིང་འབྲས་དང་། བཟའ་ཆོག་ལ་སྨན་དུའང་སྤྱོད་ཆོག་པའི་ཤ་མོ། སྨན་རྩྭ་བཅས་ཁྱད་ལྡན་ལེགས་ལྡན་ཐོན་ལས་ཆེན་པོ་གསུམ་གྱི་འཕེལ་རྒྱས་ལ་བརྟེན་ནས་ཉིང་ཁྲིའི་གསར་གཏོད་དང་ལས་གཏོད། གྲུབ་འབྲས་འགྲེམས་སྟོན་དང་དཔེ་སྟོན། གྲུབ་འབྲས་གཞན་སྒྱུར་དང་ཁྱབ་གདལ། ཞིང་འབྲོག་པའི་རྩལ་ནུས་གསོ་སྦྱོང་བཅས་ཀྱི་ལས་སྟེཌ་བཏོད་དེ། ཉིང་ཁྲིའི་དཔལ་འབྱོར་དང་སྤྱི་ཚོགས་མུ་མཐུད་འཕེལ་རྒྱས་གཏོང་བར་ཚན་རྩལ་གྱི་འདེཌ་སྐྱོར་བྱས་ལ་ཐོན་ལས་ཀྱི་རྨང་གཞི་ཡང་བཏིང་ཡོད།
བོད་ཞི་བས་བཅིངས་འགྲོལ་མ་བཏང་གོང་། ཉིང་ཁྲི་ས་ཁུལ་ལ་དེང་རབས་ཀྱི་ཚན་ཞིབ་སྒྲིག་གཞི་གཅིག་ཀྱང་མེད་ལ། དེང་རབས་ཀྱི་དོན་སྙིང་ལྡན་པའི་ཚན་ཞིབ་བྱེད་སྒོ་ཡང་མེད། བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་དང་ལྷག་པར་དུ་1986ལོར་ཉིང་ཁྲི་ས་ཁུལ་སླར་གསོ་བྱས་ཚུན། ཉིང་ཁྲིས་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་ཐོན་ལས་ཅན་གྱི་གཉེར་སྐྱོང་ལ་སྐུལ་འདེད་ཧུར་ཐག་བཏང་ཞིང་། ཚན་རྩལ་སྟོབས་ཤུགས་ལ་བརྟེན་ནས་རྨོ་འདེབས་བྱེད་སྟངས་ལེགས་སུ་བཏང་བ་དང་། སོན་བཟང་དང་བྱ་ཐབས་ལེགས་པོ་ཁྱབ་གདལ་བེད་སྤྱོད་བྱས་པ། གསོ་སྦྱོང་ལ་བརྟེན་ནས་ཞིང་འབྲོག་པའི་ཐོན་སྐྱེད་རྩལ་ནུས་ཆེ་རུ་བཏང་བ་རེད།