ལས་ཞུགས་ནི་དམངས་འཚོ་ཆེ་ཤོས་ཡིན། བདེ་སྐྱིད་ལྡན་པའི་གྲོང་ཁྱེར་ཞིག་ལ་ངེས་པར་དུ་དམངས་འཚོའི་རྨང་གཞི་བརྟན་པོ་ཡོད་དགོས། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་། ལྷ་ས་གྲོང་ཁྱེར་གྱིས་ལས་ཞུགས་བརྟན་དུ་དང་རྒྱ་ཆེར་གཏོང་རྒྱུ་དེ་དོན་ཆེན་ཨང་དང་པོར་བརྩིས་ནས་དམ་འཛིན་བྱས་པ་དང་། ལྷག་དོན་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན། ལྷ་ས་གྲོང་ཁྱེར་གྱིས་དུས་རབས་གསར་པའི་ལས་ཞུགས་ལས་དོན་གྱི་བླང་བྱ་མཛུབ་ཁྲིད་དུ་བྱས་ཏེ་གཙོ་གནད་ལ་དམ་འཛིན་དང་། ཞན་ཆ་སེལ་བ། བཀྲག་མདངས་འཚེར་ས་མང་དུ་གཏོང་བ། ལས་སྟེགས་སྐྲུན་པ། ཞབས་ཞུ་ལེགས་སུ་གཏོང་བ་བཅས་ལ་དམིགས་པས། ལས་ཞུགས་ཀྱི་གོམ་སྟབས་བརྟན་དུ་དང་གྲུབ་འབྲས་མངོན་གསལ་དོད་དུ་ཕྱིན་ནས་ལས་ཞུགས་བརྟན་པོ་བྱུང་སྟེ་དཔལ་འབྱོར་དང་སྤྱི་ཚོགས་བརྟན་ལྷིང་ཡོང་བའི་འགན་ལེན་བྱས་ཡོད།
སྟོད་ལུང་བདེ་ཆེན་ཆུས་སུ་ལོ་ལྟར་གསོ་སྦྱོང་འདྲ་མིན་སྣ་ཚོགས་ཐེངས་30ལྷག་ཙམ་བྱེད་ཀྱི་ཡོད་པ་དང་། མང་ཚོགས་1000ལྷག་ཙམ་གྱིས་དེ་གར་སློབ་ཡོན་མི་དགོས་པར་ལས་ཞུཌ་རྩལ་ནུས་སློབ་སྦྱོང་བྱེད་ཀྱི་ཡོད།
ཞིང་འབྲོག་མང་ཚོགས་ལ་སློབ་ཡོན་མི་དགོས་པའི་ལས་རིགས་རྩལ་ནུས་གསོ་སྦྱོང་བྱ་རྒྱུ་ནི་ཞིང་འབྲོག་མང་ཚོགས་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན། ལྷ་ས་གྲོང་ཁྱེར་མི་སྤྱི་ཁོངས་གཏོགས་ཀྱིས་རིམ་རྩིས་བྱས་ན་མི་ཁྲི་4.7ལྷག་ཙམ་ལ་རྩལ་ནུས་གསོ་སྦྱོང་བྱས་ནས་མང་ཚོགས་ཁྲི་མང་པོར་ལས་གནས་ལས་ཞུགས་ནས་རྩལ་ནུས་ལས་ཞུགས་ཐུབ་རོགས་བྱས་པས་འབབ་འཕར་ཕྱུག་འགྱུར་གྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།
ཆུ་ཤུར་རྫོང་ཚལ་སྣེ་ཤང་གི་རྒྱལ་ཁབ་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་དུ་ཞིང་འབྲོག་མང་ཚོགས་400ལྷག་ཙམ་གྱིས་མེ་ཏོག་དང་ཤིང་འབྲས་སོགས་བཏབ་པ་མ་ཟད། ཉིན་བཞིན་ཡར་རྒྱས་འགྲོ་བའི་ཁོང་ཚོའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡང་བཏོད་ཡོད། ལྷ་ས་གྲོང་ཁྱེར་གྱི་ཕུལ་བྱུང་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་རྟེན་གཞི་ཡིན་པའི་ངོས་ནས་2017ལོ་ནས་ད་བར་གླིང་ཁུལ་གྱིས་མང་ཚོགས་3700ལྷག་ཙམ་ལ་ལས་གནས་མཁོ་འདོན་བྱས་པ་དང་ཆབས་ཅིག་ཁོང་ཚོར་འབབ་འཕར་ཕྱུག་འགྱུར་ཡོང་རོགས་བྱས་ཡོད།
“ང་ནི་ཚལ་སྣེ་གྲོང་ཚོའི་ཚོཌཆུང་གསུམ་པའི་གྲོང་མི་ཡིན། འདི་གར་ལས་ཀ་བྱས་ནས་ལོ་10ཕྱིན་སོང་། དེའི་རིང་ངས་ཇ་ལོ་བཟོ་བའི་ལས་རིམ་ཆ་ཚང་ཤེས་བྱུང་། ད་དུང་ཟླ་རེར་གླ་ཆ་སྒོར་4500ལེན་རྒྱུ་ཡོད། དེ་གོང་དང་བསྡུར་ན་ངའི་གླ་ཆ་ལྡབ་འཕར་བྱུང་སོང་། ཡོང་འབབ་གསོག་ཐུབ་པས་ཁྱིམ་ཚང་གི་ཆ་རྐྱེན་ལེགས་སུ་ཕྱིན་ཏེ་སྡོད་ཁང་གསར་པ་རྒྱག་ཐུབ་བྱུང་། དེ་དག་ཚང་མ་ནི་ང་ཚོར་ཏང་གི་སྲིད་ཇུས་བཟང་པོ་ལོངས་སུ་སྤྱོད་ཐུབ་པ་ལས་བྱུང་། སླད་ཕྱིན་རང་ཉིད་ཀྱིས་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་ཐུབ་རྒྱུའི་ཡིད་ཆེས་ཡོད”ཅེས་མིག་དམར་གྱིས་ཇ་ལོ་འཐོག་ཞོར་དུ་གསར་འགོད་པར་བརྗོད།
ད་ཆ། ལྷ་ས་གྲོང་ཁྱེར་དུ་རང་སྐྱོང་ལྗོངས་དང་། ལྷ་ས་གྲོང་ཁྱེར། རྫོང(ཆུས)བཅས་རིམ་པའི་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་རྟེན་གཞི་161ཡོད་པ་དེ་དག་གིས་ཞིང་འབྲོག་པ་མི་ཐེངས་ཁྲི་3.33ལས་ཞུགས་གཞན་སྒྱུར་བྱས་པར་ཡོང་འབབ་སྒོར་དུང་ཕྱུར་4.01ཟིན་ཡོད། ལས་གནས་ཐོག་གསོ་སྦྱོང་དང་ཁེ་ལས་ཀྱི་ལས་བཟོའི་རྩལ་ནུས་ཆེར་གཏོང་གསོ་སྦྱོང་ལ་བརྟེན་ནས་མི་1500ལྷག་ཙམ་ལ་གསོ་སྦྱོང་བྱས་ཏེ་ཞིང་འབྲོག་པ་ཐག་ཉེ་སར་ལས་ཞུགས་གཞན་སྒྱུར་ཐུབ་པའི་ལས་སྟེགས་བཏོད་ཡོད།
གཞི་རིམ་གྱི་ཞིང་འབྲོག་མང་ཚོགས་ཀྱི་ཆ་འཕྲིན་ཡོང་ཁུངས་བལྟོས་བཅས་ཀྱིས་ཉུང་བར་བརྟེན། ཇི་ལྟར་བྱས་ནས་ཁོང་ཚོའི་ལས་ཀའི་ཧུར་སེམས་ཆེ་རུ་བཏང་སྟེ་ཁོང་ཚོ་བློ་བདེ་བག་ཕེབས་ཀྱིས་ཕྱི་རུ་ལས་ཞུགས་བྱེད་དུ་འཇུག་དགོས་སམ། ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་ལས་ཞུགས་ཞབས་ཞུ་རྒྱ་ཆེ་རུ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་ལྟེ་བར་བྱས་ཏེ་ལས་ཞུགས་ཞབས་ཞུའི་ལས་སྟེགས་རྒྱ་ཁྱབ་ངང་བསྐྲུན་ཡོད། བྱ་ཐབས་དེས་ཁེ་ལས་ཀྱི་ལས་མི་སྤྱོད་དཀའ་བའི་གནད་དོན་ཐག་གཅོད་ཐུབ་པ་མ་ཟད། ད་དུང་གཞི་རིམ་མང་ཚོགས་ལ་བློས་འགེལ་ཆོག་པའི་ལས་ཞུགས་སྟེགས་བུ་ཞིག་ཀྱང་མཁོ་འདོན་ཐུབ་ཡོད། མང་ཚོགས་ལས་ཀ་ཙག་ཙིག་བྱེད་པ་ནས་ལས་ཞུགས་བརྟན་པོ་ཐུབ་པའི་བར་དཀའ་སྤྱད་ངལ་རྩོལ་ལ་བརྟེན་ནས་ཕྱུག་འགྱུར་ལམ་བུའི་ཐོག་བསྐྱོད་ཐུབ་ཡོད།
ཞིང་འབྲོག་མང་ཚོགས་ཕྱིར་སྐྱོད་ཐུབ་པ་དང་། གནས་ཐུབ་པ། ཡོང་འབབ་གསོག་ཐུབ་པ་བཅས་བྱ་ཆེད། ལྷ་ས་གྲོང་ཁྱེར་གྱིས་ངལ་ནུས་ཕྱིར་གཏོང་གི་ཞབས་ཞུའི་མ་ལག་རྒྱུན་མཐུད་ངང་འཐུས་སྒོ་ཚང་དུ་གཏོང་བ་ནས་འགོ་བཙུགས་ཏེ་ངལ་ནུས་ཕྱིར་གཏོང་གི“འཁོར་སྦྲེལ་ཧྲིལ་པོའི”ཞབས་ཞུ་བཏོད་ཡོད། མིག་སྔའི་བར་གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་བཞིར་ཁྱབ་པའི་ངལ་ནུས་ཞབས་ཞུའི་རྩ་འཛུགས་སྣ་ཚོགས་445བཙུགས་པ་དང་། རིམ་རྩིས་བྱས་ན་སྒྲིག་འཛུགས་ལྡན་པའི་ངལ་ནུས་ཕྱིར་གཏོང་དང་ངལ་ནུས་མངགས་གཏོང་མི་ཐེངས་ཁྲི་8.53བྱས་པས་ཞིང་འབྲོག་པར་ལས་ཞུགས་འབབ་འཕར་བརྟན་པོ་བྱུང་ཡོད།
དམངས་ཀྱིས་བྱ་གཞག་གཏོད་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་ཚ་རླབས་འཕྱུར་བ་དང་བསྟུན་ནས་ལས་གཏོད་དེ་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པའི་སྒུལ་ཤུགས་གསར་པར་གྱུར་ཡོད། ཁོར་ཡུག་སྐྲུན་པ་དང་། ལས་སྟེགས་གཏོད་པ། མཐུན་ཚོགས་འཛུགས་པ། གླེང་སྟེགས་གཉེར་བ། ཁུར་པོ་ཡང་དུ་གཏོང་བ། ཞབས་ཞུ་ལེགས་སུ་གཏོང་བ་བཅས་བྱས་པ་ལས། ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་གྱིས་ལས་ཞུགས་བརྟན་པོ་དང་རྒྱ་ཆེར་གཏོང་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་འགྲོའི་དམིགས་ཚད་དུ་བརྩིས་ནས་གསར་གཏོད་ཀྱི་སྲོག་ཤིང་གནས་བབ་མཐའ་འཁྱོངས་ཀྱིས་གསར་གཏོད་ལས་གཏོད་དང་ལས་ཞུཌ་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།
ལས་ཞུགས་ནི་དམངས་འཚོའི་རྩ་བ་དང་བྱ་གཞག་གསར་གཏོད་ནི་ལས་ཞུགས་ཀྱི་འབྱུང་རྩ་ཡིན། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན། ལྷ་ས་གྲོང་ཁྱེར་གྱི་ལས་ཞུགས་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་འཕར་ལས་ཞུགས་རིམ་རྩིས་བྱས་ན་མི་ཁྲི་4.8ལྷག་ཙམ་ཟིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་3.0%ནང་ཚུན་དུ་ཚོད་འཛིན་ཐུབ་པ། ཞིང་འབྲོག་པ་ལས་ཞུགས་གཞན་སྒྱུར་ཐུབ་ཚད་རིམ་རྩིས་བྱས་ན་མི་ཁྲི་29.52ཟིན་ནས་ཡོང་འབབ་སྒོར་དུང་ཕྱུར་23.52བྱུང་ཡོད། ལས་གཏོད་མགྱོགས་པོ་ཐུབ་པ་དང་། ལས་ཞུགས་འགན་ལེན་ཐུབ་པ། ཡོང་འབབ་བརྟན་པོ་ཡོང་བ་བཅས་བྱས་ཏེ་ལྷ་ས་གྲོང་ཁྱེར་གྱིས་གོ་སྐབས་གསར་པ་གཏོད་པ་དང་ཤེས་ལྡན་མི་སྣ་བསྡུས་ནས་ལས་ཞུགས་དང་ལས་གཏོད་ཀྱི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་བཏང་སྟེ་མང་ཚོགས་ཀྱི“བདེ་སྐྱིད་ཕུགས་འདུན”ནུས་ཤུགས་ཡོད་རྒུས་མངོན་འགྱུར་ཡོང་བ་བྱེད་བཞིན་ཡོད།