“ང་རང་མེ་ཏོག་རྫོང་ནས་ཡིན། སློབ་ཆེན་ཐོན་རྗེས་སྐབས་ཤིག་རིང་གང་བྱེད་དགོས་མིན་ཤེས་ཀྱི་མི་འདུག རྗེས་སུ་ཉིང་ཁྲི་གྲོང་ཁྱེར་གྱིས་སྒྲིག་འཛུགས་བྱས་པའི་དྲ་ཐོག་ཚོང་དོན་གྱི་གསོ་སྦྱོང་འཛིན་གྲྭར་ཞུགས་སྐབས་ལས་གཏོད་ཀྱི་བསམ་བློ་འཁོར་བ་དང་ད་ཆའི་མེ་ཏོག་གི་མོན་པ་དང་ལྷོ་པའི་རྡོ་ཁོག་མཉམ་ལས་ཁང་བཙུགས་ཏེ། ཕ་ཡུལ་གྱི་ཡུལ་མི་སྤུན་མཆེད་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་པ་ཡིན”ཞེས་མེ་ཏོག་རྫོང་གི་གཞོན་ནུ་ལས་གཏོད་པ་དཔལ་སྒྲོན་གྱིས་བརྗོད།
འདི་ནི་ད་ཕན་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་ལས་ཞུགས་ལས་གཏོད་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་བའི་བསྡུས་རིས་ཤིག་རེད།
ལས་ཞུགས་དང་ལས་གཏོད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཐུས་སྒོ་ཚང་དུ་བཏང་བ།
ད་ཕན་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་ཡུལ་གཞན་དུ་དབུལ་སྐྱོར་བཀོད་སྒྲིག་རྟེན་གཞིར་བརྟེན་ནས་ཉིང་ཁྲི་གྲོང་ཁྱེར་གྱི་རྒྱུན་གནས་གནད་སྨིན་དབུལ་སྐྱོར་གྱི“གཉིས་གཏོད”སྐྱེད་སྲིང་རྟེན་གཞི་བསྐྲུན་ཏེ། སྨན་གླིང་རྫོང་དང་བྲག་ཡིབ་ཆུས་ལ་སྨན་གླིང་རྫོང་གི་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་སྐྱེད་སྲིང་ཁྲོམ་གཞུང་དང་བྲག་ཡིབ་ཆུས་དང་བྲག་ཡིབ་ཆུས་སྦེ་པ་གྲོང་རྡལ་དུ་ལས་ཞུགས་ལས་གཏོད་ཀྱི་དཔེ་སྟོན་ཁྲོམ་གཞུང་གཉིས་བསྐྲུན་རྒྱུར་མཛུབ་ཁྲིད་བྱས་པ་དང་། ཀླུ་ནང་གི་མངོན་འགྱུར་བའི་ཐོན་ལས་གླིང་རང་སྐྱོང་ལྗོངས་རིམ་པའི་ཀུན་གཏོད་བྱ་ཡུལ་དུ་བདེ་བླག་ངང་བསྐྲུན་རྒྱུར་མཛུབ་ཁྲིད་བྱས་པ་རེད།
ཉིང་ཁྲི་གྲོང་ཁྱེར་གྱིས་ད་དུང་གྲོང་ཁྱེར་ཡོངས་ཀྱི་རྩེར་སོན་ལས་མི་བསྡུ་བའི་འདུ་ཚོགས་དང་པོ་འཚོགས་པ་དང་གཟའ་འཁོར་རེའི་རེས་གཟའ་པ་སངས་ལ་ལས་མི་བསྡུ་བའི་འདུ་ཚོགས་འཚོག་གི་ཡོད། ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་གི་མཐོ་སློབ་སློབ་ཐོན་སློབ་མ་སྒྲོལ་མ་ལྷ་མོས“གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་གཟའ་འཁོར་རེའི་རེས་གཟའ་པ་སངས་ལ་ལས་མི་བསྡུ་བའི་འདུ་ཚོགས་འཚོགས་ནས་ང་ཚོར་གནད་ལ་འཁེལ་ཤོས་དང་ཆ་ཚང་ཤོས་ཀྱི་མི་སྤྱོད་ཆ་འཕྲིན་མཁོ་འདོན་བྱེད་ཀྱི་ཡོད། དེས་ང་ཚོར་རང་ཉིད་ལ་འཚམ་པའི་ལས་གནས་ཤིག་འཚོལ་བར་རོགས་རམ་ཆེན་པོ་ཐུབ་ཀྱི་འདུག རྩེར་སོན་གྱི་ལས་མི་བསྡུ་བའི་འདུ་ཚོགས་བརྒྱུད་ང་ལ་ཉིང་ཁྲི་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་རྣམ་གྲངས་དོ་དམ་ལྟེ་གནས་སུ་ལས་ཀ་ཞིག་རག་བྱུང་། ལས་ཀ་དེ་ང་རང་མི་སྒེར་དང་ཁྱིམ་ཚང་ལ་མཚོན་ན་དོན་སྙིང་ཆེན་པོ་འདུག”ཅེས་བརྗོད།
བོད་སྐྱོར་སྟོབས་ཤུགས་ལ་བརྟེན་ནས་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་བཏང་བ།
ཀོང་ཏུང་ཞིང་ཆེན་མི་སྤྱི་ཐིང་གིས་ཐེམ་ཁུངས་བོད་ནས་ཡིན་པའི་གྲངས་ཉུང་མི་རིགས་ཀྱི་སློབ་ཆེན་སློབ་མའི་ལས་ཞུགས་ལ་གནད་འཁེལ་དང་། སྦྲེལ་མཐུད། སྐུལ་འདེད་བཅས་གཏོང་བའི་ཐད་ཤུགས་བརྒྱབ་ནས། གྲངས་གཞི་ཆེ་མོའི་དབྱེ་ཞིབ་ལག་རྩལ་སྤྱད་དེ་ཀོང་ཏུང་ཞིང་ཆེན་གྱི་འཕྲལ་མཁོ་ཆེ་བའི་ལས་སྟེགས་བརྒྱུད་ཁེ་ལས་ཀྱི་ལས་གནས་དགོས་མཁོ་དང་ཉིང་ཁྲིའི་ལས་འཚོལ་སློབ་མའི་ཆེད་ལས་ཆ་འཕྲིན་ལ་རིག་ནུས་ཀྱི་བཀོད་སྒྲིག་བྱས་པ་རེད། ཀོང་ཏུང་དུ་ལས་ཀར་སྐྱོད་མཁན་སློབ་མས་ལྗོངས་ཕྱིར་ལས་ཞུགས་བརྒྱུད་མཐོང་རྒྱ་དང་འཇོན་ཐང་ཆེ་རུ་དང་ཉམས་མྱོང་ཕུན་སུམ་ཚོགས་སུ་བཏང་ནས་རང་ཉིད་ཀྱི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་སྤྱི་ཚོགས་ལ་དྲིན་ལན་ཧུར་ཐག་འཇལ་རྒྱུ་ཡིན་ཞེས་བརྗོད།
ཉིང་ཁྲི་གྲོང་ཁྱེར་གྱིས་ལོ་མང་རིང་མཐོ་སློབ་སློབ་ཐོན་སློབ་མ་ལྗོངས་ཕྱིར་ལས་ཞུགས་ཐུབ་པར་སྐུལ་འདེད་བཏང་བའི་ཉམས་མྱོང་དང་བྱེད་ཐབས་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱས་པ་དང་། ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མའི་ཕ་ཡུལ་དྲན་སེམས་ཆེ་བའི་དོན་དངོས་ལ་དམིགས་ཏེ། གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མར་ཀོང་ཏུང་ཁྱིམ་གཞིས་བསྐྲུན་ཏེ། ཁོང་ཚོར་སེམས་ཀྱི་བརྟེན་ས་དང་ཕ་ཡུལ་གྱི་ཐུགས་ཁུར་ཟབ་མོ་སྦྱིན་པས་སེམས་པ་རྣལ་ལ་ཕབ་སྟེ་ལས་ཞུགས་དང་སྣ་མང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཐུབ་པ་རེད། མིག་སྔའི་བར་ཀོང་ཀྲོའུ་དང་། ཧྲེན་ཀྲེན། ཀྲུའུ་ཧའེ་སོགས་གྲོང་ཁྱེར་དང་ས་ཁུལ་9རུ“དྲ་ཐོག་དང་དྲ་ཕྱིའི”ཀོང་ཏུང་གི་ཁྱིམ་གཞིས་11བསྐྲུན་ཡོད་པ་རེད།
གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱས་པ།
2016ལོར་དཔལ་འབྱོར་གསར་སྤེལ་ཁུལ་དུ་ཐོ་འགོད་བྱས་པའི་ཀླུ་ནང་མངོན་འགྱུར་བའི་བར་མཐོངས་ནི་ཉིང་ཁྲི་གྲོང་ཁྱེར་གྱི་ལས་གཏོད་ཐོན་ལས་གླིང་ཐོག་མ་དེ་ཡིན་པ་དང་། རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་1.3ཙམ་བཏང་ཡོད། དེའི་དམིགས་ཡུལ་ནི་མངོན་འགྱུར་བའི་བར་མཐོངས་ཀྱི་སྐྱེད་སྲིང་རྟེན་གཞི་དང་། ཚན་རྩལ་མཐོ་བའི་ཤེས་ལྡན་མི་སྣའི་རྟེན་གཞི། གནད་སྨིན་དབུལ་སྒྲོལ་གྱི་ལས་སྟེགས་བཅས་དང་དེ་བཞིན་བོད་ཀྱི་སྒྱུ་རྩལ་རིག་གནས་ཀྱི་འགྲེམས་སྟོན་རྟེན་གཞི་བཅས་སུ་འགྱུར་ཆེད་རེད། ཀླུ་ནང་གི་མངོན་འགྱུར་བའི་བར་མཐོངས་ཐོན་ལས་གླིང་གི་འབྲེལ་ཡོད་འགན་འཁུར་བས་གསར་འགོད་པར། ཀླུ་ནང་གི་མངོན་འགྱུར་བའི་བར་མཐོངས་ཀྱི་དུས་ཐེངས་དང་པོར་ཁྱོན་མ་དངུལ་སྒོར་ཁྲི་6500བཏང་ནས་མཉམ་འབྲེལ་གཞུང་ལས་ས་ཁོངས་བསྐྲུན་ཏེ་སྤྱི་ཚོགས་ཀྱི་ལས་རིགས་ཁག་གི་ཤེས་ལྡན་མི་སྣ་ཀླུ་ནང་དུ་ལས་སྒྲུབ་ལ་ཡོང་བའི་ཡིད་དབང་བཀུག་པ་མ་ཟད། རྒྱལ་ཡོངས་ཀྱི་མཐོ་སློབ་ཆེ་ཁག་དང་གན་རྒྱ་བཞག་སྟེ་དངོས་སྦྱོང་གོ་སྐབས་མཁོ་འདོན་བྱེད་པ་དང་། དངོས་སྦྱོང་སློབ་མར་རིན་གོང་དམའ་བའི་ཞག་སྡོད་མཁོ་འདོན་བྱས་ཏེ། ལག་རྩལ་གྱི་ཤེས་ལྡན་མི་སྣས་འདི་གར་གསོན་ཤུགས་གསར་པ་སྣོན་ཐབས་བྱེད་ཀྱི་ཡོད་ཅེས་བརྗོད།
དེ་དང་ཆབས་ཅིག ཉིང་ཁྲི་གྲོང་ཁྱེར་གྱིས་ཚོང་དོན་ལམ་ལུགས་ཀྱི་སྒྱུར་བཅོས་རྒྱུན་ཆད་མེད་པར་མགྱོགས་སུ་དང་ཟབ་ཏུ་བཏང་ནས། ཁེ་ལས་ཐོ་འགོད་དང་དེའི་བརྒྱུད་རིམ་སྟབས་བདེ་རུ་བཏང་སྟེ། ལས་ཞུགས་ལས་གཏོད་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཡོད། སྤུས་ལེགས་ཀྱི་གསར་གཏོད་ལས་གཏོད་ཀྱི་སྤུས་རྟགས་ཁག་གཅིག་ཧུར་ཐག་གཏོད་པ་དང་། “ཀུན་གཏོད་བྱ་ཡུལ་དང་། སྐྱེད་སྲིང་ཡོ་ཆས། སྐུལ་འདེད་ཡོ་ཆས། ཐོན་ལས་གླིང”བཅས་གཞི་གཅིག་ཏུ་འདུས་པའི་གསར་གཏོད་ལས་གཏོད་ཀྱི་སྐྱེད་སྲིང་འཁོར་སྦྲེལ་གཏོད་པ། ཁོངས་གཏོཌ་ཀྱི་གསར་གཏོད་ལས་གཏོད་ཀྱི“གསོན་ཤུཌ”འཕེལ་བ་བཅས་བྱས་ནས། དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་པ་རེད།