བོད་དབུས་དྲ་སྦྲེལ་དང་། “ཁུལ་གསུམ་དང་ཀྲོའུ་གསུམ”གྱི་གྲོང་གསེབ་གློག་དྲ་སྒྱུར་བཀོད་རིམ་སྤོར། མངའ་རིས་དྲ་སྦྲེལ་སོགས་ལས་གྲྭ་བེད་སྤྱོད་གཏོང་འགོ་ཚུགས་པ་ལས་བོད་ལྗོངས་གློག་དྲ་དེ་ལོ་རྒྱུས་ཐོག་འཕེལ་རྒྱས་འགྲོ་མགྱོགས་ཤོས་དང་། གཏོང་ཆ་གཏོང་ཤུགས་ཆེ་ཤོས། ཕན་འབྲས་མངོན་གསལ་དོད་ཤོས་བཅས་ཀྱི་དུས་སྐབས་གསར་པར་སླེབས་ནས་ཐག་རིང་ལུང་ཁུག་ས་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་གློག་སྤྱོད་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་། ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གློག་སྤྱོད་དགོས་མཁོ་ཆེས་ཆེར་འཕེལ་བ། ཁྱིམ་སྤྱོད་གློག་ཆས་དང་འཕྲུལ་གློག་སྒྲིག་ཆས་ཆེ་རིགས་བེད་སྤྱོད་རྒྱ་ཁྱབ་ཐུབ་པ་བཅས་བྱུང་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པ་རེད།
གློག་ཤུཌ་འཕེལ་རྒྱས་ཀྱིས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
“བོད་དབུས་དྲ་སྦྲེལ་ལས་གྲྭ་བསྐྲུན་རྗེས་ང་ཚོའི་གྲོང་ཚོའི་ཞིང་ཁར་རང་འགུལ་ཅན་གྱི་ཞིང་ཆུ་འདྲེན་རྒྱུ་མངོན་འགྱུར་བྱུང་བས་ཆུ་གཏོང་ཚད་མགྱོགས་ལ་ཆུ་ཤུགས་ཀྱང་ཧ་ཅང་ཆེན་པོ་འདུག བློས་འགེལ་ཆོག་པའི་གློག་ཤུགས་འགན་ལེན་བྱུང་རྗེས་ང་ཚོས་ན་ནིང་ད་དུང་གཡེར་མ་བཏབ་པར་་ཡོང་འབབ་སྒོར་ཁྲི་2ལྷག་ཙམ་བྱུང་བའི་ཁར་ཁྱིམ་ཚང་མགྲོན་ཁང་གཉེར་བའི་ཡོང་འབབ་ཀྱང་མི་ཉུང་བ་ཞིག་བྱུང”ཞེས་ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་དུང་དཀར་གྲོང་རྡལ་དཀྲོགས་གྲོང་ཚོའི་གྲོང་མི་བཀྲ་ཤིས་དོན་གྲུབ་ཀྱིས་དགའ་ཚོར་ཆེན་པོས་བཤད།
མངའ་རིས་ས་ཁུལ་རུ་ཐོག་རྫོང་རུ་ཐོག་གྲོང་ཚོའི་རྩམ་པ་ལས་སྣོན་བཟོ་གྲྭར་འཁྲུད་རྔོ་འཐག་གསུམ་དང་ཐུམ་སྒྲིལ་སོཌ་རྩམ་པ་ལས་སྣོན་གྱི་ལས་རིམ་ཚང་མ་འཕྲུལ་འཁོར་ཅན་དུ་གྱུར། “‘གློག་དྲ’ཤར་གཏོང་ཐུབ་རྗེས་ཐོན་སྐྱེད་སྔར་བས་བརྟན་པོ་བྱུང་བ་མ་ཟད། ཐོན་སྐྱེད་ཀྱི་མ་གནས་ཀྱང་དམའ་རུ་སོང་ཡོད”ཅེས་རྩམ་པ་ལས་སྣོན་བཟོ་གྲྭའི་ཁྲང་ཀྲང་ཕུན་ཚོགས་ཚེ་རིང་གིས་གསར་འགོད་པར་བཤད། ད་ཆ་རུ་ཐོག་གྲོང་ཚོའི་རྩམ་པ་དང་། སྤོས། བལ་བཅས་ལས་སྣོན་བཟོ་གྲྭར་དབང་པོ་སྐྱོན་ཅན་དང་དཀའ་ངལ་ཡོད་པའི་དུད་ཚང་གི་ངལ་ནུས་30བསྡུས་པས་ཁོང་ཚོ་ཁྱིམ་གྱི་སྒོ་རྩར་ལས་ཞུགས་ཐུབ་ཡོད།
“ལོ་ལྔ་ཚན་བཅུ་གསུམ་པའི”རིང་། རང་སྐྱོང་ལྗོངས་ཀྱིས་སྔ་རྗེས་སུ་མ་དངུལ་སྒོར་དུང་ཕྱུར་236ལྷག་ཙམ་བཏང་ནས་མཚོ་བོད་དྲ་སྦྲེལ་དང་ཁྲོན་བོད་དྲ་སྦྲེལ་རྗེས་ཀྱི་གློག་ཤུགས་མཁའ་ལམ་གསུམ་པ་དང་བཞི་པ་སྟེ—བོད་དབུས་དྲ་སྦྲེལ་ལས་གྲྭ་དང་མངའ་རིས་དྲ་སྦྲེལ་ལས་གྲྭ་བསྐྲུན་པས་བོད་དབུས་གློག་དྲ་དང་། ཆབ་མདོའི་གློག་དྲ། སི་ཁྲོན་གློག་དྲ་བཅས་ཕན་ཚུན་སྦྲེལ་མཐུད་ཐུབ་ཡོད།
དེ་དང་ཆབས་ཅིག བོད་ལྗོངས་གློག་དྲའི་གློག་སྤྱོད་ཀྱི་ཐེག་ཚད་རྒྱུན་མཐུད་མགྱོགས་མྱུར་འཕར་བའི་རྣམ་པ་རྒྱུན་འཁྱོངས་བྱུང་བ་དང་གློག་སྤྱོད་ཀྱི་ཐེག་ཚད་མཐོ་ཤོས་ཆན་ཝ་ཁྲི་147ཟིན་ནས་ལོ་རེར་ཆ་སྙོམས་14.4%འཕར་ཡོད། སྤྱི་ཚོགས་ཧྲིལ་པོས་གློག་སྤྱོད་ཚད་2015ལོའི་ཆུ་ཚོད་ཆན་ཝ་དུང་ཕྱུར་20.33ནས་2019ལོའི་ལོ་མཇུག་གི་ཆུ་ཚོད་ཆན་ཝ་དུང་ཕྱུར་77.6བར་འཕར་ནས་འཕར་ཚད་ལྡབ་4ལྷག་ཙམ་ཟིན་པ་མ་ཟད། ལོ་མང་བསྟུད་མར་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཏེ་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་གློག་ཤུགས་ཀྱི་འགན་ལེན་ནུས་ལྡན་བྱས་ཡོད། ད་ཆ་གངས་ལྗོངས་ས་མཐོར་གྲངས་འཛིན་གསར་པ་དང་། ས་མཐོའི་སྐྱེ་དངོས། ཡུལ་སྐོར་རིག་གནས། ནུས་རྒྱུ་གཙང་མ་སོགས“ཐོན་ལས་ཆེན་པོ་བདུན”ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་བཞིན་ཡོད་པ་རེད།
གློག་ཤུགས་མཁོ་འདོན་གྱིས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་སོང་བ།
དེ་སྔ་སྟེང་ཆེན་རྫོང་དང་། ལྷོ་རོང་རྫོང་། དཔལ་འབར་རྫོང་བཅས་ཀྱི་གློག་དྲ་ཚང་མ་ཁེར་རྐྱང་འཁོར་སྐྱོད་བྱེད་པའི་རྫོང་ཁོངས་ཀྱི་གློག་དྲ་ཡིན་པ་དང་། རྫོང་དེའི་ས་ཁོངས་ཀྱི་ཆུ་ཤུགས་གློག་ཁང་ཆུང་གྲས་དང་། འོད་ཤུགས་གློག་ཁང་། ཁྲའེ་ཡིའུ་སྣུམ་གློག་ཁང་ཆུང་གྲས་བཅས་ནས་གློག་གཏོང་གི་ཡོད་པས་དུས་ཚིགས་རང་བཞིན་གྱི་གློག་གཏོང་འགལ་བ་མངོན་གསལ་དོད་པོ་ཡོད། ལྷག་པར་དུ་དགུན་དུས་ཆུ་སྐམ་པའི་དུས་ཚིགས་སུ་རྫོང་གསུམ་གྱི་ཆུ་ཤུགས་གློག་ཁང་ཆུང་ངུའི་གློག་ཆ་སྙོམས་འདོན་ཚད་20%ནས་40%ལྷག་ཙམ་ལས་ཟིན་གྱི་མེད་པར་བརྟེན་རྫོང་སྲིད་གཞུང་གི་ལས་ཁུངས་དང་སྨན་ཁང་སོགས་ཚན་པ་ཁག་གཅིག་ལ་གློག་གཏོང་ཐུབ་ཙམ་ལས་མེད་པས་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་ཡག་ཏུ་འགྲོ་རྒྱུར་འགོག་རྐྱེན་ཆེན་པོ་བཟོས་ཡོད།
2016ལོ་ནས་2017ལོ་བར། བོད་ཀྱི་རེས་སྐོར་གསར་པའི་གྲོང་གསེབ་གློག་དྲའི་གྲོང་རྡལ་ཆུང་ངུའི(ལྟེ་བའི་གྲོང་ཚོ)གློག་དྲ་སྒྱུར་བཀོད་རིམ་སྤོར་ལས་གྲྭར་ཁྱོན་མ་དངུལ་སྒོར་དུང་ཕྱུར་119བཏང་བ་དེ“ལོ་ལྔ་ཚན་བཅུ་གཉིས་པའི”བོད་ཀྱི་གྲོང་གསེབ་གློག་དྲ་འཛུགས་སྐྲུན་མ་འཇོག་སྤྱི་འབོར་ལས་བརྒལ་ཡོད། ལས་གྲྭ་དེ་ལྗོངས་ཡོངས་ཀྱི་གྲོང་ཁྱེར(ས་ཁུལ)7དང་རྫོང(ཆུས)62དང་གྲོང་རྡལ་ཆུང་ངུ(ལྟེ་བའི་གྲོང་ཚོ)3000ལྷག་ཙམ་དང་འབྲེལ་བ་ཡོད་ཅིང་། བོད་ཀྱི་གྲོང་རྡལ་ཆུང་ངུའི(ལྟེ་བའི་གྲོང་ཚོ)ངེས་གནས་དང་མཐུན་པའི་བདེ་འཇགས་ལྡན་ལ་བློས་འགེལ་ཆོག་པ་དང་། དཔལ་འབྱོར་ལུགས་མཐུན་ཡིན་པ། སྲ་བརྟན་དང་སྤྱོད་ཤན་ཆེ་བ་བཅས་ཀྱི་དེང་རབས་ཅན་གྱི་གྲོང་གསེབ་གློག་དྲ་བསྐྲུན་ནས་མི་ཁྲི་160ཡི་བདེ་འཇགས་ལྡན་ལ་བློས་འགེལ་ཆོག་པའི་གློག་སྤྱོད་ཆུ་ཚད་ནུས་ཤུགས་ཡོད་རྒུས་ལེགས་སུ་དང་མཐོ་རུ་བཏང་ཡོད།
དེས་མ་ཚད་5Gདུས་རབས་སུ་སླེབས་པ་དང་བསྟུན་ནས། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀྱིས་མངའ་རིས་ཀྱི་དྲ་སྦྲེལ་ལས་གྲྭ་འཛུགས་སྐྲུན་ཁྲོད“ལྕགས་སྒྲོམ་མཉམ་སྤྱོད”དང“འོད་འཁྲིད་ཚི་སྐུད་མཉམ་སྤྱོད”ཀྱི་འཛུགས་སྐྲུན་འདུ་ཤེས་ཁྱབ་གདལ་ཤུགས་ཆེན་བཏང་ནས་ལྕགས་སྒྲོམ་འཛུགས་པའི་ཁྲོད་འཕྲིན་གཏོང་བགྲོད་ལམ་བཟོ་ས་བཞག་སྟེ་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་ལེགས་སུ་གཏོང་ཆེད་རྨང་གཞི་བཏིང་བ་རེད།
གློག་ཤུཌ་ཕྱིར་གཏོང་གིས་ཐོན་ཁུངས་ཀྱི་ལེགས་ཆ་བསྒྱུར་བར་སྐུལ་འདེད་བཏང་བ།
གློག་ཤུགས་ནང་མཁོ་སྐོང་བའི་རྨང་གཞིའི་ཐོག་བོད་ལྗོངས་གློག་དྲས་ཆུ་འབེལ་བའི་དུས་ཀྱི་གློག་གཏོང་བགྲོད་ལམ་རིམ་བཞིན་བཤངས་ཏེ། གློག་དྲ་འཁོར་སྐྱོད་བྱེད་སྟངས་ལེགས་སུ་གཏོང་བ་དང་ལྗོངས་ཕྱིའི་ཁྲོམ་རའི་བསྡུ་ཉར་གཙང་སེལ་སོགས་ཕྱོགས་མང་པོའི་ཐད་ནས་རྒྱུན་མཐུད་ཤུགས་སྣོན་བརྒྱབ་པས་བོད་ལྗོངས་གློག་དྲས་གློག་ཕྱིར་གཏོང་བྱེད་ཚད་རྒྱུན་མཐུད་མཐོ་རུ་འགྲོ་རྒྱུར་འགན་ལེན་ནུས་ལྡན་བྱས་པ་རེད། 2020ལོའི་ཟླ་11ཚེས་20ཉིན། རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་སིའི“2021ལོ་ནས་2023ལོའི་བར་གྱི་ཆུ་ཚོད་ཆན་ཝ་དུང་ཕྱུར་61གི་བོད་ཀྱི་ནུས་རྒྱུ་གཙང་མའི་བསྡུ་ཉར་གཙང་སེལ་སྒྲོམ་གཞིའི་གྲོས་མཐུན”ལ་མིང་རྟགས་འགོད་པའི་མཛད་སྒོ་སི་ཁྲོན་ཁྲེང་ཏུར་འཚོགས་པ་དང་། ཤེས་རྟོགས་བྱུང་བར་གཞིགས་ན། གྲོས་མཐུན་དེ་ནི་མིག་སྔར་བོད་གློག་ཕྱིར་གཏོང་གི་གཞི་ཁྱོན་ཆེ་ཤོས་དང་། དཔལ་འབྱོར་ཕན་འབྲས་ཆེ་ཤོས། ལོ་འཁོར་གྱི་བོད་གློག་བསྡུ་ཉར་གཙང་སེལ་བྱེད་མཁན་ཞིང་ཆེན་མང་ཤོས་བཅས་ཀྱི་སྒྲོམ་གཞིའི་གྲོས་མཐུན་ཞིག་རེད།
མིག་སྔར་བོད་གློག་ཕྱིར་གཏོང་བྱ་རྒྱུ་དེ་མཚོ་བོད་དང་། ཁྲོན་བོད། བོད་དབུས་བཅས་ཀྱི་གློག་ཤུགས་དྲ་སྦྲེལ་ལས་གྲྭ་གཞི་རྟེན་དུ་བྱས་ཏེ། “སྲིད་ཇུས+ཁྲོམ་ར”བོད་གློག་ཕྱིར་གཏོང་དང་བོད་གློག་འགན་ལེན་གྱི་ལམ་སྲོལ་གསར་པ་རགས་ཙམ་ཆགས་ཡོད། 2015ལོར་བོད་གློག་ཕྱིར་གཏོང་ཐེངས་དང་པོ་བྱས་པ་ནས་བཟུང་། 2020ལོའི་ལོ་མཇུག་བར་བོད་ལྗོངས་གློག་དྲས་རིམ་རྩིས་བྱས་ན་བོད་གློག་ཕྱིར་གཏོང་བྱེད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་65ལྷག་ཙམ་ཟིན་ནས་རྒྱལ་ཡོངས་ཀྱི་ནུས་རྒྱུ་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་ལ་རམ་འདེགས་བྱེད་པ་དང་བོད་ཀྱི་ཐོན་ཁུངས་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་བར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད་པ་རེད།