གསར་འགོད་པའི་ཟིན་བྲིས།
ས་བཀྲའི་ཐོག་བལྟས་ཚེ། ཤིན་བོད་གཞུང་ལམ་དེ་ཉིད་སྔོན་སྐྱོད་ལེན་ཤོག་གིས་སྐྱོད་མྱོང་བའི་ཁེ་ལེ་ཡ་ལ་ཁའི་དཔུང་སྐྱོད་ལམ་ཐིག་དང་འདྲ་པོ་ཡོད་ཅིང་། དེ་གཉིས་པོ་ནི་ཤིན་ཅང་ལྷོ་རྒྱུད་ནས་ཐོན་ཏེ་འཛམ་གླིང་ཀུན་ཏུ་སྙན་པར་གྲགས་པའི་ཁུ་ནུ་རི་བོ་དང་། ཁ་ར་ཁུ་ནུ་རི་བོ། གངས་ཏི་སེ། ཧི་མ་ལ་ཡ་བཅས་བརྒལ་ཏེ་ལྷོ་ནས་བསྐྱོད་དེ་བོད་དུ་འབྱོར་བ་ཞིག་རེད།
གཞུང་ལམ་དེའི་རྒྱུད་དུ་བཅར་འདྲི་བྱེད་སྐབས། ལམ་རྒྱུད་དུ་གངས་རི་ལྷུན་ཆགས་པ་དང་བརྗིད་ཉམས་ལྡན་པའི་མཛེས་ལྗོངས་ལས་ང་ཚོ་ཧང་སངས་བྱུང་ལ། དེ་གར་འཚོ་གནས་བྱེད་མཁན་གྱི་ཚེ་སྲོག་མི་རེ་ངོ་རེའི་སྡུག་རུས་འཁྱོག་ལ་ཞུམ་པ་མེད་པའི་སྙིང་སྟོབས་ལའང་ང་ཚོར་སེམས་འགུལ་ཆེན་པོ་ཐེབས་བྱུང་། དེ་བཞིན་མེས་རྒྱལ་ནུབ་རྒྱུད་མཐའ་མཚམས་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་མཐོང་སྐབས་ང་ཚོར་དགའ་ཚོར་ཆེན་པོ་སྐྱེས་བྱུང་ལ། ཡུལ་དེའི་མང་ཚོགས་ཉིན་བཞིན་འབྱོར་ཕྱུག་དང་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་སྐྱེལ་བ་མཐོང་སྐབས་དེ་བས་ཀྱང་དགའ་ཚོར་ཆེན་པོ་སྐྱེས་བྱུང་།
རྩོམ་ཡིག་གི་ཡིག་འབྲུའི་ཚོད་འཛིན་ཕོག་རྐྱེན་ཤིན་བོད་གཞུང་ལམ་ཐོག་ད་དུང་གཏམ་རྒྱུད་དང་མི་སྣ་མང་པོ་འབྲི་རིན་ཡོད་ཀྱང་རྩོམ་ཡིག་འདིའི་ནང་བྲིས་མེད། དཔེར་ན་ལོ་མང་རིང་དེ་གར་བརྟན་སྲུང་བྱས་ནས་འགྲོ་ལམ་ཤར་གཏོང་འགན་ལེན་བྱེད་མཁན་ལམ་སྐྱོང་བཟོ་པ་དང་དྲག་ཆས་ཉེན་རྟོག་གི་དཔོན་དམག་དང་། ད་ཆའི་དེ་བས་སྟབས་བདེ་བའི་འགྲིམ་འགྲུལ་གྱི་རྣམ་པ། གྲོང་ཚོ་དང་གྲོང་རྡལ་ཁག་དང་སེང་གེ་ཁ་འབབ་གྲོང་རྡལ་གྱི་ཕྱོགས་གཞན་ཐད་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་སོགས་བགྲང་གིས་མི་ལངས་བ་ཡོད།
ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་མཚམས་སུ། གྲོང་ཁྱེར་ཙམ་མ་ཟད་ཐག་རིང་གི་མཐའ་མཚམས་མི་རིགས་ས་ཁུལ་དུའང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག དུས་བསྟུན་མདུན་སྐྱོད་ཀྱི་དགའ་འོས་པའི་འཕོ་འགྱུར་མང་པོ་བྱུང་བ་ང་ཚོས་མཐོང་ཐུབ། འདི་ནི་གསར་འགོད་པ་དང་དུས་རབས་ཀྱི་བསོད་ནམས་རེད་ལ། རྒྱལ་ཁབ་དང་མི་རིགས་ཀྱི་བསོད་ནམས་དེ་བས་ཀྱང་རེད།