དབུ་ཤོག>ཆེད་སྒྲིག
  • གནའ་ཤུལ་ཞིག་ལས་བྱུང་བའི་གསར་བརྗེའི་དྲན་འཆར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཀྲང་ཡུས། ལི་ཡིའུ་ཅུན། མིག་དམར། ཞོགས་གཡང་།   |     སྤེལ་དུས།  2021-09-16

    1072459_yis_1631721600000_s.jpg

    འདི་ནི་གསར་བརྗེའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་མངའ་རིས་ཐད་གཏོགས་མཛོད་ཡིན་པ། 

    སྔོན་སྐྱོད་ལེན་ཤོག་ཡན་ལག་རུ་ཁག་མདུན་སྐྱོད་བྱེད་པའི་སྐབས་སུ། ཤིན་ཅང་དང་མཚོ་སྔོན་སོགས་ནས་མངའ་རིས་ས་ཁུལ་དུ་བྲོས་བྱོལ་དུ་སོང་བའི་ཝུའུ་སི་མན་ཇག་པའི་དྲག་པོའི་སྟོབས་ཤུགས་ཀྱི་ཇག་པའི་འགོ་པ་ཧ་ལི་པོ་ཁེའི་ངན་སྐུལ་འོག་བོད་རིགས་མི་དམངས་ལ་སྲེག་གསོད་འཕྲོག་བཅོམ་བྱས་ནས་རྒྱ་ཆེའི་འབྲོག་པ་ཚོར་གནོད་འཚེ་ཚབས་ཆེན་བཟོས་ཡོད།

    ཧོ་ཅིང་ཕུའུ་ཡིས“ཇག་པས་ཕྱོགས་གཅིག་ནས་བྲོས་འགྲོ་བ་དང་ཕྱོགས་གཅིག་ནས་འགོག་རྒོལ་བྱས་རུང་། ང་ཚོས་ཁོ་ཚོའི་ས་ནས་ནོར་ལུག་ཁྲི་ཡན་འཕྲོག་པ་ཡིན། གྲུབ་འབྲས་འདི་དག་སྙན་སེང་ཞུས་རྗེས། དམག་ཁུལ་ཁང་གིས་བསྔགས་བརྗོད་བྱས་པ་མ་ཟད། ད་དུང་ང་ཚོར་ཇག་པས་འཕྲོག་པའི་ནོར་ལུག་དག་མང་ཚོགས་ལ་སློག་དགོས་པའི་བཀའ་ཡང་ཕབ་བྱུང་། དུས་དེ་ནས་བཟུང་རྩྭ་ཐང་ཐོག་ཏུ“མའོ་ཀྲུའུ་ཞིས་བྱང་ཆུབ་སེམས་དཔའི་དམག་མི་བཏང་སྟེ་ཇག་པ་ཐལ་བའི་རྡུལ་དུ་བརླགས། གནམ་འོག་གི་འགྲན་ཟླ་བྲལ་བའི་བྱང་ཆུབ་སེམས་དཔའི་དམག་མི་ནི་ང་ཚོའི་མགོན་སྐྱབས་ཡིན”ཞེས་པ་སོགས་ཀྱི་གཏམ་བཟང་གང་སར་ཁྱབ། ཁོང་ཚོས་མིང་མཉམ་བཀོད་ཀྱིས་བོད་ས་གནས་སྲིད་གཞུང་ལ་འཕྲིན་ཡིག་སྤྲིངས་ནས་རང་རེའི་དམག་དཔུང་གིས་ས་མཐོར་དགེ་སྒྲུབ་ལས་ལ་གཞོལ་བའི་གནས་ཚུལ་དངོས་ལ་བསྔགས་བརྗོད་བྱས་ཡོད”ཅེས་བཤད།

    —— 《བོད་སྐྱོད་དཔའ་བོའི་སྔོན་སྐྱོད་ལེན་ཤོག》ལས་བཏུས།

    དགེ་རྒྱས་རྫོང་གྲོང་ནས་ནུབ་ཕྱོགས་སུ་སྤྱི་ལེ་3ཙམ་བསྐྱོད་ཚེ་བྲག་རིའི་ལྡེབས་སུ་བསྐྲུན་པའི་ས་ཕག་གི་གྱང་ལས་གྲུབ་པའི་སྒོ་རའི་སྐྲུན་དངོས་གྲུ་བཞི་ནར་མོ་ཞིག་མིག་ལམ་དུ་འཆར་བ་དེ་ནི་གསར་བརྗེའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་མངའ་རིས་ཐད་གཏོགས་མཛོད(གཤམ་དུ“ཐད་གཏོགས་མཛོད”ཅེས་བསྡུ་རྒྱུ)རེད།

    མིག་ལ་དེ་ཙམ་གྱི་མཛེས་པོ་མེད་པའི་སྒོ་ར་དེ་མཐོང་མ་ཐག་ང་ཚོར་སོམ་ཉི་ཞིག་ངང་གིས་སྐྱེས་བྱུང་། དགེ་རྒྱས་རྫོང་གིས་ས་ཆ་ཁུག་ཀྱོག་འདི་འདྲ་ཞིག་ཏུ་གསར་བརྗེའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་ཞིག་བསྐྲུན་དགོས་དོན་གང་ཡིན་ནམ།

    དེ་ཡང་འདི་གར་ནི་དགེ་རྒྱས་རྫོང་ཐོག་མར་བསྐྲུན་ས་དེ་ཡིན་པས་རེད།

    1960ལོའི་ཟླ་8པར་དགེ་རྒྱས་རྫོང་སྲིད་གཞུང་བཙུགས། དགེ་རྒྱས་རྫོང་སྲིད་གཞུང་ནི་རྩྭ་ཐང་དེའི་སྟེང་ཕུབ་པའི་གུར་གསུམ་གྱི་ནང་བཙུགས་པ་ཞིག་ཡིན་པ་ས་གནས་དེ་གའི་མང་ཚོགས་ཚང་མས་ཤེས་ཀྱི་ཡོད། དགེ་རྒྱས་རྫོང་བཙུགས་མ་ཐག་གི་ལོ་གཉིས་ནང་རྫོང་སྲིད་གཞུང་ཚན་ཁག་གི་ཁོངས་མི་ཚང་མས་གཞུང་དོན་སྒྲུབ་པ་དང་། མང་ཚོགས་ལ་སྣེ་ལེན་ཞུ་བ། རྫོང་ཡོངས་ཀྱི་ལས་དོན་ཆེ་ཆུང་ཚང་མ་ཐག་གཅོད་བྱེད་ས་ནི་གུར་ནང་ཡིན། ད་ཆ་ཐད་གཏོགས་མཛོད་ཀྱི་སྒོ་རའི་གྱང་ཞིག་གི་འགྲམ་དུ་གུར་གསུམ་བརྒྱབ་ཡོད་པ་དེ་ལས་ལོ་ངོ་70ཡི་གོང་གི་རྫོང་སྲིད་གཞུང་གི་གཞུང་དོན་སྒྲུབ་སའི་སྟབས་བདེའི་ཁོར་ཡུག་ཇི་མ་ཇི་བཞིན་མཐོང་ཐུབ།

    1964ལོར། མའོ་ཀྲུའུ་ཞིའི“དོང་གཏིང་རིང་པོ་འདྲུ་བ་དང་འབྲུ་རིགས་མང་པོ་བསགས་ནས་མི་དམངས་ཆེད་དམག་གྲབས་མུག་སྐྱོབ་བྱེད་དགོས”ཞེས་པའི་མཛུབ་སྟོན་ལྟར། དགེ་རྒྱས་རྫོང་སྲིད་གཞུང་གིས་ད་ལྟའི་ཐད་གཏོགས་མཛོད་ཀྱི་རང་བྱུང་བྲག་ཕུག་10སྒྱུར་བཀོད་བྱས་ཏེ། མངའ་རིས་ས་ཁུལ་གྱི་མཚོན་ཆ་དང་། རྫས་མདེལ། འབྲུ་རིགས། རྡཱ་ཡང་བཅས་གསོག་འཇོག་བྱེད་ས་གལ་ཆེན་ཆེ་ཤོས་བསྐྲུན་པ་མ་ཟད། ད་དུང་གཞི་ཁྱོན་ངེས་ཅན་ལྡན་པའི་སྣེ་ལེན་ཁང་དང་། བཅའ་སྡོད་སྒར་ས། ཚོགས་ཁང་བཅས་ཀྱང་བསྐྲུན་པས་ཐད་གཏོགས་མཛོད་དེ་མངའ་རིས་ས་ཁུལ་གྱི་གྲོས་ཚོགས་ལྟེ་གནས་གལ་ཆེན་ཞིག་ཏུ་གྱུར།

    འདིར་བརྗོད་པའི་ཐད་གཏོགས་མཛོད་ཅེས་པ་ནི་གཙོ་བོ་འབྲུ་རིགས་བང་མཛོད་དང་། རྫས་མདེལ་བང་མཛོད། རྡཱ་ཡང་བང་མཛོད་བཅས་མཛོད་ཁང་ཆེན་པོ་གསུམ་ལ་ཟེར་བ་ཡིན། རྟེན་གཞིའི་འགྲེལ་བཤད་རྒྱག་མཁན་བགྲེས་སོང་འགྱུར་མེད་ཀྱིས་ང་ཚོར། སྐབས་དེ་དུས་རྫོང་བཙུགས་མ་ཐག་ཡིན་པས་དམག་གྲབས་མུག་སྐྱོབ་བྱ་རྒྱུ་ནི་སྔར་བཞིན་གསར་དུ་ཐོན་པའི་སྲིད་དབང་གི་ལས་དོན་གལ་ཆེའི་ནང་གི་འགངས་ཆེ་ཞིག་ཡིན་པ་དང་། འབྲུ་རིགས་དང་། རྫས་མདེལ། རྡཱ་ཡང་སོགས་དམག་གྲབས་དངོས་རྫས་གལ་ཆེན་དེ་དག་ངེས་པར་དུ་གཅིག་སྡུད་ཐོག་གསོག་འཇོག་དང་གཅིག་གྱུར་དོ་དམ་བྱེད་དགོས་ཀྱི་ཡོད་ཅེས་བཤད་བྱུང་།

    ལོ་བཅུ་ཕྲག་ཁ་ཤས་སོང་རྗེས། ཐད་གཏོགས་མཛོད་སྔ་ས་ནས་དེའི་ལས་འགན་ལེགས་སྒྲུབ་བྱུང་ནས་ལོ་རྒྱུས་ཀྱི་གར་སྟེགས་ལས་ཕྱིར་འཐེན་བྱས། གསར་བརྗེའི་ཐོན་ཁུངས་གང་ལེགས་སྤྱོད་པ་དང་གསར་བརྗེའི་ས་བོན་རྒྱུན་འཛིན་བྱ་ཆེད། 2017ལོ་ནས་བཟུང་དགེ་རྒྱས་རྫོང་གིས“སྔོན་མ་ལྟར་ཉམས་གསོ་དང་སྔོན་མའི་རྣམ་པ་སོར་འཇོག”གི་རྩ་དོན་མཐའ་འཁྱོངས་ཀྱིས་མ་དངུལ་སྒོར་ཁྲི་690བསྡུ་སྒྲིལ་བྱས་ཏེ་ཐད་གཏོགས་མཛོད་དེ་སྔོན་གནས་ཡུལ་དུ་གསར་བརྗེའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་བསྐྲུན།

    ལོ་གཉིས་འཛུགས་སྐྲུན་བྱས་པ་བརྒྱུད། 2019ལོའི་ཟླ་12ཚེས་21ཉིན་ཐད་གཏོགས་མཛོད་ཀྱི་སྒོ་མོ་དངོས་སུ་ཕྱེ་བ་རེད། བགྲེས་སོང་འགྱུར་མེད་ཀྱིས་བཤད་པ་ལྟར་ན། གསེར་ཆུ་བཏང་ནས་བརྐོས་པའི་མི་སྣ་དེ་དག་ཚང་མ་ནི་དགེ་རྒྱས་རྫོང་གི་བཅིངས་འགྲོལ་བྱ་གཞག་ལ་གཟེངས་སུ་ཐོན་པའི་ལེགས་སྐྱེས་འབུལ་མཁན་དཔའ་བོ་ཤ་སྟག་རེད། དཔུང་ཁག་གི་མདུན་ཤོས་སུ་ལངས་པ་ནི་མངའ་རིས་རྟ་དམག་ཉིང་ལག་རུ་ཁག་གི་རུ་དཔོན་ཧོ་ཅིང་ཕུའུ་ཡིན་པ་དང་། ཁོང་གི་གཡས་གཡོན་གཉིས་ནི་དུས་རབས་གོང་མའི་ལོ་རབས་70པར་ཇག་འཇོམས་དམག་འཐབ་ནང་གྲོངས་པའི་དགེ་རྒྱས་ཀྱི་ལས་བྱེད་པ་ལྷག་ལགས་དང་ཀྲའོ་ལིའུ་ཀྲུའུ་རེད། ད་དུང་སྔོན་མ་ནོར་ལུག་དང་ཚྭ་འཁྱེར་ནས་བོད་སྐྱོད་སྔོན་སྐྱོད་ལེན་ཤོག་དཔུང་སྡེར་སྣེ་ཤན་བྱེད་མྱོང་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་མི་སྣ་ཆོས་འཛིན་སོགས་ཡོད་པ་རེད།

    ཇག་འཇོམས་དཔའ་བོ་ཧོ་ཅིང་ཕུའུ་ནི་སྔོན་མ་ཤིན་ཅང་དམག་ཁུལ་ཁང་རང་ཚུགས་རྟ་དམག་ཧྲི་ཤོག་གི་ཐོན་ཤོག་གཉིས་པའི་ཡིང་ཤོག་དང་པོའི་ཡིང་ཀྲང་རེད། 1951ལོའི་དབྱར་ཁར། ངོ་ལོག་ཇག་པ་ཁག་གཅིག་མངའ་རིས་ས་ཁུལ་དུ་བྲོས་བྱོལ་དུ་སོང་ནས་སྲེག་གསོད་འཕྲོག་བཅོམ་སོགས་ཀྱི་བྱ་ངན་སྣ་ཚོགས་བརྩམས། དེར་བརྟེན་རང་ཚུགས་རྟ་དམག་ཧྲི་ཤོག་གིས་ཐོན་ཤོག་གཉིས་པ་ནས་དཔོན་དམག་ཧྲག་གྲས་བདམས་ཏེ་མི་120ལས་གྲུབ་པའི་དཔུང་སྣོན་ལེན་ཤོག་ཅིག་བཙུགས་ནས་སྔོན་སྐྱོད་ལེན་ཤོག་གི་རྗེས་མཐུད་བོད་སྐྱོད་དམག་དཔུང་བྱས་པ་དང་། ལེན་ཤོག་རུ་ཁག་དེའི་སྣེ་ཁྲིད་པ་ཧོ་ཅིང་ཕུའུ་ཡིས་བྱས། དུས་ཐུང་ཟླ་བ་གཉིས་ལྷག་ཙམ་གྱི་ནང་ཧོ་ཅིང་ཕུའུ་ཡིས་ལེན་ཤོག་གི་སྣེ་ཁྲིད་དེ་སྒེར་རྩེ་དང་། དགེ་རྒྱས། རུ་ཐོག་བཅས་རྫོང་དུ་སྐྱོད་པའི་ལམ་བར་དུ་ཇག་པ་མང་པོ་བཅོམ་པ་མ་ཟད། ཁོ་ཚོའི་ས་ནས་ནོར་ལུག་གྲངས་མེད་འཕྲོག་ནས་ས་གནས་དེ་གའི་མི་སེར་དབུལ་པོ་རྣམས་ལ་སྤྲད་པས་རྒྱ་ཆེའི་མང་ཚོགས་ཀྱི་བརྩི་བཀུར་ཐོབ་ཡོད།

    སྔོན་སྐྱོད་ལེན་ཤོག་དགེ་རྒྱས་སུ་སྡོད་རིང་གི་གནས་ཚུལ་དང་། བཅིངས་འགྲོལ་དམག་ལ་གཞོགས་འདེགས་བྱས་ནས་ཇག་པ་བཅོམ་མཁན་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས། དགེ་རྒྱས་ཀྱི་དམངས་གཙོའི་བཅོས་སྒྱུར་དང་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་ལ་ཞུགས་པ་བཅས་ཀྱི་བྱ་བ་རེ་རེ་དང་པར་རིས་རེ་རེས་མི་རྣམས་ཀྱི་ཡིད་ངོར་སླར་ཡང་དཀའ་སྤྱད་འབད་འཐབ་ཀྱི་ལོ་ཟླ་དབང་མེད་དུ་འཆར།

    བགྲེས་སོང་འགྱུར་མེད་ཀྱིས་ཕྱིར་དྲན་བྱས་པར་གཞིགས་ན། 1959ལོར་ལོ་10ལས་སླེབས་མེད་པའི་འགྱུར་མེད་དཀའ་གཡོལ་དུ་འགྲོ་སྐབས་བོད་སྐྱོད་དཔུང་སྡེ་ཞིག་དང་འཕྲད། བཅིངས་འགྲོལ་དམག་གིས་ཁོང་ལ་གྱོན་གོས་དང་ལམ་རྒྱགས་སྤྲད་པ་མ་ཟད། ད་དུང་ཡི་གེ་བསླབས་པས་ལོ་ན་ཕྲ་བའི་ཁོང་ལ“བྱང་ཆུབ་སེམས་དཔའ”ངོ་མ་མཇལ་བའི་སྣང་བ་བྱུང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།