ཕུ་ལུ་གྲོང་ཚོ་ནས་སེང་གེ་ཁ་འབབ་གྲོང་རྡལ་བར་གྱི་འགྱུར་ལྡོག་ཆེན་པོ།
འདི་ནི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་རྟ་དམག་ཧྲི་ཤོག་གི་སྔོན་སྐྱོད་ལེན་ཤོག་གི་བོད་སྐྱོད་དམ་འཇོག་ཚོགས་ཆེན་འཚོགས་སའི་དེ་སྔའི་གནས་ཡུལ་ཡིན་པ།
ལོ་ངོ་70ཡི་གོང་། བོད་སྐྱོད་སྔོན་སྐྱོད་ལེན་ཤོག་གི་དཔའ་བོ་ཚོས་མངའ་རིས་སུ་དཔུང་སྐྱོད་བྱེད་པའི་ལམ་བར་དུ་འཛམ་གླིང་སྐྱེ་བོ་ཀུན་གྱིས་ཁས་ལེན་པའི“མཁའ་ལམ”དེའི་ཐོག་མི་སེམས་རབ་ཏུ་འགུལ་བའི་དཔའ་བོར་བསྟོད་པའི་གླུ་དབྱངས་མང་དག་ཅིག་བརྩམས། དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་མངའ་རིས་ས་མཐོར་བཙུགས། དེ་ཕྱིར་གཞི་ནས་ད་ལྟའི་ཡུས་ཐེན་རྫོང་ཕུ་ལུ་གྲོང་ཚོ་ནས་སྒར་རྫོང་སེང་གེ་ཁ་འབབ་གྲོང་རྡལ་བར་གྱི་མི་ཡུལ་གྱི་འཕོ་འགྱུར་ཆེན་པོ་དེ་བྱུང་།
ཕུ་ལུ་གྲོང་ཚོ། སྔོན་སྐྱོད་ཀྱི་འགོ་འཛུགས་སའི་རྣམ་པ་གསར་པ།
1950ལོའི་ཟླ་8ཚེས་1ཉིན། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཧོ་ཐན་ས་ཁུལ་ཡུས་ཐེན་རྫོང་ཨ་ཆང་ཤང་ཕུ་ལུ་གྲོང་ཚོར་སྔོན་སྐྱོད་ལེན་ཤོག་གི་བོད་སྐྱོད་དམ་འཇོག་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་ཤིང་། ཤར་རླུང་འུར་འུར་དུ་ལྡང་བཞིན་དར་དམར་ལྷབ་ལྷུབ་ཏུ་གཡོ་བ་དང་རྔ་དང་འཁར་རྔའི་སྒྲ་གསངས་ལ་དམག་རྟའི་འཚེར་སྐད་ཡང་ཡང་སྒྲོག
ཕུ་ལུ་གྲོང་ཚོ་ནི་ཡུས་ཐེན་རྫོང་གྲོང་ནས་བར་ཐག་སྤྱི་ལེ་110ཆོད་པས། རྫོང་གྲོང་དང་བར་ཐག་རིང་ཤོས་ཀྱི་སྲིད་འཛིན་གྲོང་ཚོ་ཞིག་རེད།
གཙང་ལ་འདྲོང་བའི་གྲོང་ཚོའི་ལམ་བུའི་གཞོགས་གཉིས་སུ་སྐྱེས་པའི་ཡལ་འདབ་ལྷུག་པོར་གྲོལ་བའི་རྒྱ་ལྕང་དག་བསིལ་རླུང་དང་འགྲོགས་ནས་མགོ་ལྕོག་ལྡེམ་པ་ནི་གསར་འགོད་པར་གྲོང་ཚོའི་དབུས་སུ་གནས་པའི་སྔོན་སྐྱོད་ལེན་ཤོག་གི་བོད་སྐྱོད་དམ་འཇོག་ཚོགས་ཆེན་གྱི་དེ་སྔའི་གནས་ཡུལ་དུ་བསྐྱོད་པར་ཁྲིད་སྟོན་བྱེད་པ་དང་གཉིས་སུ་མ་མཆིས།
གྲོང་ཚོའི་ལམ་འགྲམ་གྱི་རིང་ཚད་སྨི་4དང་མཐོ་ཚད་སྨི་2ལྷག་ཙམ་ཡོད་པའི་གསར་བརྗེའི་དྲན་གསོའི་གྱང་ལྡེབས་སུ“ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་རྟ་དམག་ཧྲི་ཤོག་སྔོན་སྐྱོད་ལེན་ཤོག་གི་བོད་སྐྱོད་དམ་འཇོག་ཚོགས་ཆེན་འཚོགས་སའི་དེ་སྔའི་གནས་ཡུལ”ཞེས་པའི་གསེར་མདོག་ཅན་གྱི་ཡིག་འབྲུ་ཆེན་པོ་འགའ་མིག་ལམ་དུ་འཆར། གྱང་གི་ཤར་ངོས་སུ“ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དཔའ་བོའི་སྔོན་སྐྱོད་ལེན་ཤོག་གི་བོད་སྐྱོད་ངོ་སྤྲོད་མདོར་བསྡུས”དང་། “རང་ཚུགས་རྟ་དམག་ཧྲི་ཤོག་གི་སྔོན་སྐྱོད་ལེན་ཤོག་བོད་སྐྱོད་ལམ་སྟོན་རི་མོ”སྔོན་སྐྱོད་ལེན་ཤོག་གི་བོད་སྐྱོད་ལམ་བར་གྱི་རྩ་ཆེའི་པར་8བཅས་ལས་གྲུབ་པའི་འགྲེམས་སྟོན་བྱང་བུ་ཞིག་འདུག
ཧ་ལི་མུའུ་ལ་ཐི·སའེ་ཏི་ནི་ཕུ་ལུ་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་དང་ཧྲུའུ་ཅི་དང་པོ་གཅིག་ལྕོགས་ཡིན་ཞིང་། ཁོང་གིས“ཕུ་ལུ་གྲོང་ཚོའི་སྔོན་སྐྱོད་ལེན་ཤོག་གི་བོད་སྐྱོད་དམ་འཇོག་ཚོགས་ཆེན་གྱི་དེ་སྔའི་གནས་ཡུལ་གྱི་དྲན་གསོ་ཁང་ནི་ཡུས་ཐེན་རྫོང་གི་གསར་བརྗེའི་མཛེས་ལྗོངས་ཁུལ་གཙོ་བོ་གཉིས་ཀྱི་གྲས་ཤིག་ཡིན་པ་དང་། ལོ་ལྟར་གྱི་དྭངས་གསལ་དུས་ཚིགས་དང‘བདུན་གཅིག’སོགས་དུས་ཀྱི་མཚམས་ཚིགས་གལ་ཆེན་སྐབས་རྫོང་གིས་མཆོད་འབུལ་དང་དམ་འཇོག་སོགས་ཀྱི་བྱེད་སྒོ་སྤེལ་གྱི་ཡོད”ཅེས་བརྗོད།
བོང་བུ་ནི་སྔོན་ཆད་ཕུ་ལུ་གྲོང་ཚོའི་འགྲིམ་འགྲུལ་ཡོ་བྱད་གཙོ་བོ་ཞིག་རེད། དཔྱད་ཡིག་ནང་འཁོད་པར་གཞིགས་ན། དེ་སྔ་སྔོན་སྐྱོད་ལེན་ཤོག་གིས་མངའ་རིས་ལ་བཅིངས་འགྲོལ་གཏོང་རོགས་བྱ་ཆེད། དཔུང་སྡེ་དང་ཡུས་ཐེན་རྫོང་གིས་ལས་མི་900ལྷག་ཙམ་དང་བོང་བུ་4500ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་སྐྱེལ་འདྲེན་རུ་ཆེན་9བཙུགས་ནས་སྔོན་སྐྱོད་ལེན་ཤོག་ལ་འབྲུ་རིགས་དང་། གཟན་ཆག དངོས་ཟོག་གཞན་དག་བཅས་དབོར་ཡོད།
འོན་ཀྱང་ད་ཆ་གཙང་སྦྲ་དོད་པའི་གྲོང་ཚོའི་ལམ་དུ་བོང་བུ་གཅིག་ཀྱང་མཐོང་རྒྱུ་མེད།
“དེ་སྔ་གྲོང་ཚོར་བོང་བུ་མང་ཤོས་སྐབས་500ལྷག་ཙམ་ཡོད་པ་དང་དུས་རབས་གོང་མའི་ལོ་རབས་80པར་ང་ཚོས་བོང་བུ་བཞོན་ནས་ཡུས་ཐེན་རྫོང་གྲོང་དུ་སྐྱོད་ཕྱིན་ཉིན་གཉིས་ཏག་ཏག་འགོར་གྱི་ཡོད”ཅེས་འདི་ལོ་ལོ་65ལ་སླེབས་པའི་ཕུ་ལུ་གྲོང་ཚོའི་དེ་སྔའི་ཏང་ཀྲི་པུའི་ཧྲུའུ་ཅི་ཤིས་རི་ཕུའུ་དབྱི་པུའུ་ཏིས་བརྗོད། ཞི་ཞིང་དུལ་བའི་ཡུ་གུར་རིགས་ཀྱི་ཨ་ཁུ་ཁོང་2015ལོར་རྒན་ཡོལ་ཞུས་རྗེས་ཕུ་ལུ་གྲོང་ཚོར་འཚོ་བ་སྐྱེལ་བཞིན་ཡོད། “ད་ཆ་བོང་བུ་ཉར་མཁན་ཧ་ཅང་ཉུང་ཉུང་རེད། གྲོང་ཚོའི་དུད་ཚང་30ལྷག་ཙམ་གྱིས་རླངས་འཁོར་ཉོས་ཡོད”ཅེས་བརྗོད།
ལེ་དབར་སུམ་ཅུའི་དམག་སྒར། གནའ་ལམ་ནས་དར་རྒྱས་ཀྱི་རྣམ་པ་མངོན།
བོད་ལྗོངས་སེང་གེ་ཁ་འབབ་གྲོང་རྡལ་ནས་ཤིན་ཅང་ཡེ་ཁྲེང་བར་གྱི་ལམ་ཐག་སྤྱི་ལེ་1100སར་མགྲོན་ཁང་དང་ཆུ་ཚ་པོ་ཡོད་སའི་ལེ་དབར་སུམ་ཅུའི་དམག་སྒར་དུ་དགོང་མོ་གཅིག་ངལ་གསོ་རྒྱག་པ་ནི་གདམ་ག་ཡག་ཤོས་ཤིག་རེད།
དཔུང་སྡེའི་ཁྱད་ཆོས་ཟབ་མོ་ལྡན་པའི་གྲོང་རྡལ་ཆུང་ངུ་དེ་ནི་དོན་དངོས་ཐོག་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཧོ་ཐན་ས་ཁུལ་ཕི་ཧྲན་རྫོང་སེ་ཐུའུ་ལ་གྲོང་རྡལ་སྲིད་གཞུང་གི་གནས་ཡུལ་ཞིག་ཡིན་ལ་སེ་ཐུའུ་ལའི་སོ་ལྟ་ཁང་གི་གནའ་ཤུལ་གནས་ཡུལ་དང་སང་ཀྲུའུ་གནའ་ལམ་གྱི་ལྷུ་ཚིགས་གལ་ཆེན་ཞིག་ཀྱང་རེད།
“སེ་ཐུའུ་ལའི་སོ་ལྟ་ཁང་ནི་ཙོའོ་ཙུང་ཐང་གིས་1878ལོར་ཤིན་ཅང་ཚུར་བླངས་རྗེས་མཐའ་སྲུང་བཀོད་སྒྲིག་ལ་ཤུགས་སྣོན་དང་སྲ་བརྟན་དུ་གཏོང་ཆེད་བཙུགས་པའི་དམག་དོན་འཛིང་རགས་ཤིག་རེད”ཅེས་སེ་ཐུའུ་ལ་གྲོང་རྡལ་དྲག་ཆས་པུའི་པུའུ་ཀྲང་ལིའུ་ཞང་གིས་བརྗོད།
ལིའུ་ཞང་གི་སྣེ་ཁྲིད་འོག་གསར་འགོད་པ་དང་བཅས་པ་སེ་ཐུའུ་ལའི་སོ་ལྟ་ཁང་གི་གནའ་ཤུལ་དུ་བསྐྱོད་པ་ཡིན། ཕྱོགས་བཞིར་ཁང་པ་ཡོད་པའི་ར་སྐོར་རྣམ་པའི་བསྐྲུན་དངོས་འདི་ལ་རྐང་རྩེད་སྤོ་ལོ་ཐང་གི་ཆེ་ཆུང་ཙམ་ཡོད་པ་དང་། ར་སྐོར་ཕལ་ཆེ་བ་ཉར་ཚགས་ཐུབ་ཡོད་མོད། འོན་ཀྱང་དམག་སྒར་རྡིབ་ཟིན་པ་དང་། ས་སྟེང་དུ་རྟ་འདོགས་སའི་ཕུར་པ་མང་པོ་ཞིག་ལུས་འདུག
“སོ་ལྟ་ཁང་ནས་གྲོང་རྡལ་སྲིད་གཞུང་གནས་ཡུལ་བར་སྤྱི་ལེ་15ཡོད་པས་ལེ་དབར་30ཏག་ཏག་རེད། 1950ལོའི་རྗེས་སུ་དེ་གར་བཅའ་སྡོད་བྱ་ཡུལ་གསར་པ་བཙུགས་པ་དང་མིང་ལ་ལེ་དབར་སུམ་ཅུའི་དམག་སྒར་ཞེས་བཏགས་པ་རེད”ཅེས་ལིའུ་ཞང་གིས་ང་ཚོར་ས་མིང་གི་འབྱུང་ཁུངས་འགྲེལ་བཤད་བརྒྱབ་བྱུང་།
སང་ཀྲུའུ་གནའ་ལམ་ནི་ཤིན་ཅང་ནས་བོད་དུ་སྐྱོད་སའི་གནའ་ལམ་གལ་ཆེན་གྱི་གྲས་ཤིག་ཡིན་པ་དང་དེ་སྔ་རི་འགོག་དམག་འཁྲུག་རིང་དངོས་ཟོག་སྐྱེལ་འདྲེན་གྱི་འགྲོ་ལམ་ཞིག་ཡིན་པའི་ངོས་ནས་དམིགས་བསལ་གྱི་ནུས་པ་གལ་ཆེན་བཏོན་ཡོད་པས“དཔའ་བོའི་ལམ་བུ”ཞེས་བརྗོད་ཀྱི་ཡོད།
གནའ་ལམ་གྱི་ས་ཚིགས་གལ་ཆེན་ཞིག་ཡིན་པའི་སེ་ཐུའུ་ལ་ནི་ཉིན་བཞིན་དར་རྒྱས་འགྲོ་བའི་གྲོང་རྡལ་ཆུང་ངུ་ཞིག་ཏུ་གྱུར་ནས“ཁ་ར་ཁུ་ནུའི་གྲོང་རྡལ་དང་པོ”ཞེས་བརྗོད་ཀྱི་ཡོད།
གྲོང་རྡལ་ཡོངས་ཀྱི་འབྲོག་དུད་79ཡི་བདེ་སྡོད་ཁང་པ་ཚང་མའི་ཡང་སྟེང་དམར་པོ་དང་གྱང་དཀར་པོ་གཅིག་གྱུར་ཡིན་པ་དེ་དག་གཞུང་ལམ་གཡས་གཡོན་གྱི་ས་ཆ་ཡག་ཤོས་སུ་གྲལ་སྟར་འགྲིག་པོས་བརྒྱབ་ཡོད་པ་དང་། དུད་ཚང་གཉིས་ཀྱིས་ཁྱིམ་ཚང་མགྲོན་ཁང་བཙུགས་ཡོད། དེའི་ནང་ནས་ཁྱིམ་བདག་གཅིག་གི་བུ་མོ་མའེ་ཏི་ན་ནི་གྲོང་རྡལ་ཡོངས་ཀྱི་བུ་བཅོལ་ཁང་གི་དགེ་རྒན་གཅིག་པུ་དེ་རེད།
འདི་ལོ་ལོ་22ལ་སླེབས་པའི་མའེ་ཏི་ན་ནི་བློ་བག་ཡངས་ལ་སེམས་རྩ་འཁོལ་བའི་བུ་མོ་ཞིག་རེད། 2018ལོར་ཧོ་ཧྥེའི་བུ་བཅོལ་དགེ་འོས་ཆེད་ཚན་སློབ་གྲྭ་ནས་ཐོན་པ་དང་2019ལོར་སེ་ཐུའུ་ལ་གྲོང་རྡལ་གྱི་བུ་བཅོལ་ཁང་བསྐྲུན་རྗེས་གནས་གཏན་འཁེལ་གྱིས་གསོ་སྐྱོང་བྱས་པའི་བུ་བཅོལ་ཁང་གི་དགེ་རྒན་མའེ་ཏི་ན་ཕ་ཡུལ་དུ་ལོག་ནས་དགེ་རྒན་བྱས་ཡོད།
ད་ཆ་སེ་ཐུའུ་ལར་ཚོང་དུད་50ལྷག་ཙམ་ཡོད་པའི་ནང་བཟའ་བཏུང་ཞག་སྡོད་གཅིག་སྡུད་ཀྱི་གཉེར་སྐྱོང་མཁན་35ཡོད་པ་རེད།
འདི་ལོ་ལོ་42ལ་སླེབས་པའི་ཝང་ལེ་ནི་ཀན་སུའུ་ཅིའུ་ཆོན་ནས་ཡིན་ཞིང་། 2013ལོའི་ཟླ་6པར་ཁོང་དང་གྲོགས་པོས་སྒེར་འཁོར་བཏང་ནས་སེ་ཐུའུ་ལ་གྲོང་རྡལ་བརྒྱུད་སྐབས་དེ་གར་ས་ཆ་ཡག་པོ་ཡོད་པ་དང་འགྲུལ་བཞུད་བྱེད་མཁན་མང་པོ་ཡོད་པས་མཉམ་དུ་དེ་གར་ཧྲུན་ཏ་མགྲོན་ཁང་དང་པོ་དེ་བརྒྱབ་པ་རེད།
སེ་ཐུའུ་ལའི་འཕེལ་རྒྱས་ཀྱི་མདུན་ལམ་ཡག་པོ་ཡོད་པའི་ངོས་འཛིན་བྱེད་མཁན་ཝང་ལེས་2018ལོར་སླར་ཡང་མགྲོན་ཁང་གསར་པ་ཞིག་གཉེར། “མགྲོན་ཁང་གསར་པར་ཁང་མིག་54དང་ཉལ་ཁྲི་130ལྷག་ཙམ་ཡོད་ཀྱང་ཧ་ལམ་ཉིན་ལྟར་འགྲུལ་པས་ཁེངས་ཀྱི་ཡོད་ལ་ལོའི་ཡོང་འབབ་ཀྱང་སྒོར་ཁྲི་100ཙམ་ཟིན་གྱི་འདུག ང་ཚོས་ད་དུང་ས་གནས་དེ་གའི་ཁོར་ཁེ་ཙི་རིགས་ཀྱི་གཞོན་ནུ་6ལས་ཀར་བཅུག་ཡོད”ཅེས་ཝང་ལེས་གདེང་ཚོད་ཆེན་པོས་བརྗོད།
སེང་གེ་ཁ་འབབ་གྲོང་རྡལ། ས་མཐོའི་གྲོང་གསར་དར་ཞིང་རྒྱས།
ལོ་ངོ་70ཡི་གོང་། སྔོན་སྐྱོད་ལེན་ཤོག་གིས་མངའ་རིས་བཅིངས་འགྲོལ་གཏོང་སྐབས། ལྟེ་བའི་སྒར་ས་ནི་དུད་ཚང་བརྒྱ་ལྷག་ཙམ་དང་ས་རྡོ་ལས་གྲུབ་པའི་ཁང་པ་ཁ་ཤས་ལས་མེད་པའི་གྲོང་ཚོ་ཆུང་ཆུང་ཞིག་རེད། ལོ་ངོ་70ཡི་རྗེས་སུ་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་དང་སྔོ་ལྗང་མཛེས་བཟོའི་ལས་གྲྭ་མང་དག་ཅིག་ལེགས་གྲུབ་ཟིན་པ་དང་བསྟུན་ནས་ལྟེ་བའི་གནས་ཡུལ་སེང་གེ་ཁ་འབབ་གྲོང་རྡལ་གྱིས་ལོ་རྒྱུས་ཐོག་སྔར་བྱུང་མྱོང་མེད་པའི་བཀྲག་མདངས་འཚེར་བའི་རྣམ་པའི་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་བསུ་བ་ཞུས་ཡོད།
ཉེ་བའི་ལོ་ཤས་རིང་། གྲོང་ཁུལ་གྱི་རྣམ་པ་ལེགས་སུ་གཏོང་བ་དང་སྒྱུར་བཀོད་ལས་གྲྭ་ལག་བསྟར་བྱས་པ་བརྒྱུད། གྲོང་ཁྱེར་ཡོངས་ཀྱི་ཁང་པ་སྟར་པ་373སྒྱུར་བཀོད་བྱས་པ་དང་། ཁྲོམ་གཞུང་དུ་སྤྱི་པའི་རྐུབ་སྟེགས་དང་། གད་གཞོང་། ལམ་སྒྲོན། སྤྱི་སྤྱོད་རླངས་འཁོར་བབས་ཚུགས་སོགས་བརྒྱབ་པས་གྲོང་ཁྱེར་གྱི་སྤྱི་པའི་སྒྲིག་བཀོད་སྔར་བས་ལེགས་སུ་ཕྱིན་པ་མ་ཟད། ཞང་ཞུང་རིག་གནས་ཐང་ཆེན་ཉེ་འཁོར་གྱི་ཁང་པ་དང་ལམ་བུར་གློག་སྒྲོན་གྱི་མཛེས་རྒྱན་སྤྲས་པས་གྲོང་ཁྱེར་གྱི་མཚན་མོ་གློག་འོད་ཆེམ་ཆེམ་དུ་འཕྲོས་ནས་མི་རྣམས་ཀྱི་ཡིད་དབང་རབ་ཏུ་འཕྲོག་པར་གྱུར་ཡོད།
ཞང་ཞུང་རིག་གནས་ཐང་ཆེན་ནི་སེང་གེ་ཁ་འབབ་གྲོང་རྡལ་གྱི་ལྟེ་བ་རེད། རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་6.4ཟིན་པའི་ཐང་ཆེན་དེ་གཞི་ཁྱོན་ཆེན་པོས་སྒྱུར་བཀོད་རིམ་སྤོར་བྱས་རྗེས་མེ་ཏོག་རབ་ཏུ་བཞད་པ་དང་རྩྭ་རྩི་ཤིང་ཤིན་ཏུ་མང་། དེ་དང་མཉམ་དུ་བསྐྲུན་པའི་ཁུལ་བཞིའི་ལུས་སྦྱོང་སྤྱི་གླིང་དང་རྟ་མཆོག་ཁ་འབབ་ལམ་གྱི་ཁྲོམ་གཞུང་སྤྱི་གླིང་གིས་གྲོང་མིའི་སྤྲོ་གསེང་རོལ་རྩེད་དང་ཡུལ་ལྗོངས་ལྟ་སྐོར་ལ་ཁོར་ཡུག་བཟང་པོ་བསྐྲུན་ཡོད།
2017ལོར་སེང་གེ་ཁ་འབབ་ཀྱི“གཙང་པོ་གཅིག་དང་ངོགས་གཉིས”ཀྱི་རྣམ་པ་ལེགས་སུ་གཏོང་བའི་ལས་གྲྭ་བདེ་བླག་ངང་ལས་མཇུག་འགྲིལ་བ་དང་། ལས་གྲྭ་དེའི་ལྟེ་བའི་ལམ་ཐིག་གི་སྤྱིའི་རིང་ཚད་ལ་སྤྱི་ལེ་3.8ཡོད་པ་དང་། སེང་གེ་ཁ་འབབ་གྲོང་ཁུལ་དུ་སེང་གེ་ཁ་འབབ་ཀྱི་རྒྱ་ལྕང་ལྟ་རོལ་ཁུལ་དང་སྲོག་ཆགས་ཀྱི་ཞིང་ཁམས་སོགས་མཛེས་ལྗོངས་8བསྐྲུན་པ་དང་ལྗོངས་གཟིགས་སྒང་དང་། མེ་ཏོག་གི་སྒྲོམ། བོད་བཟོའི་གྱང་བཅས་བརྒྱབ་པ་དང་། ལམ་སྒྲོན་ཆ་ཚང་501བསྒར་བ། ཆུ་རགས་ཀྱི་སྟེང་དུ་རྡོ་གཅལ་སྨི་ངོས་གྲུ་ཁྲི་3.4བཏིང་བ། ཆུ་རགས་ངོགས་གཉིས་སུ་སྔོ་ལྗང་སྨི་ངོས་གྲུ་ཁྲི་3བཏབ་པས་སེང་གེ་ཁ་འབབ་ངོགས་གཉིས་ཀྱི་རིག་གནས་དང་། སྤྲོ་གསེང་། སྐྱེ་ཁམས། རོལ་རྩེད། ཡུལ་སྐོར་བཅས་ཀྱི་ནུས་པ་ཆེ་རུ་ཤུགས་ཆེན་ཕྱིན་ཡོད།
སེང་གེ་ཁ་འབབ་གྲོང་རྡལ་གྱི་ཤར་འདབས་སུ་གནས་པའི་བདེ་སྐྱིད་གྲོང་གསར་ནི་མངའ་རིས་ས་ཁུལ་གྱི་གཞི་ཁྱོན་ཆེ་ཤོས་དང་། རྨང་གཞིའི་སྒྲིག་བཀོད་དང་དེ་བཞིན་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཆ་ཚང་ཤོས་བཅས་ཀྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ས་ཚིགས་ཤིག་ཡིན་པ་དང་། མིག་སྔར་སྒར་སོགས་རྫོང་5ཡི་དུད་ཚང་714ཡི་མང་ཚོགས་292གནས་སྤོས་ཡོད།
འདི་ལོ་ལོ་55ལ་སླེབས་པའི་བསོད་ནམས་ཡེ་ཤེས་2017ལོར་བདེ་སྐྱིད་ཁང་གསར་དུ་སྤོས་ནས་མཉམ་ལས་ཁང་གི་སྒོ་རྩིས་ཚོང་ཁང་གི་ཅིང་ལིར་འོས་སྦྱོར་བྱས་རྗེས་ལོ་གཉིས་ཚོང་བརྒྱབ་པས་དངུལ་གང་ཙམ་བསགས་ཡོད། 2020ལོར་ཁོང་གིས་བདེ་སྐྱིད་ཁང་གསར་ལྟེ་གནས་ཀྱི་ཚོང་ལས་ཐང་ཆེན་དུ་ཁང་པ་གླས་ནས་ཇ་ཁང་བཙུགས་པ་དང་། ལོའི་ཡོང་འབབ་སྒོར་ཁྲི་7བར་འཕར་ནས་དབུལ་སྒྲོལ་ཐུབ་སྟེ་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པ་མ་ཟད། ད་དུང་མང་ཚོགས་2ཇ་ཁང་གི་ཞབས་ཞུ་བར་བསྡུས་ཡོད།
ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70ཡི་རིང་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། གལ་ཏེ་སེང་གེ་ཁ་འབབ་ཀྱི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་ཡོད་པའི་སྔོན་སྐྱོད་ལེན་ཤོག་གི་འཐབ་འཛིང་པ་ཚོས་རི་གཤམ་གྱི་འདུ་འཛི་ཆེ་ཞིང་འགྲོ་འོང་གི་རྒྱུན་མི་ཆད་པའི་དར་རྒྱས་ཆེ་བའི་རྣམ་པ་འདི་མཐོང་གི་ཡོད་ཚེ་བསྐལ་བ་བཟང་པོ་འདི་འདྲ་ཤར་བས་ཁོང་ཚོར་སེམས་གསོ་ཡག་པོ་ཞིག་ཡོང་ངེས་ཡིན་པ་སྨོས་མེད་རེད།
འགན་འཁུར་རྩོམ་སྒྲིག་པ། 次旦多吉
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣