དབུ་ཤོག>ཆེད་སྒྲིག
  • རང་བྱུང་གཡང་ས་ཐོགས་མེད་བགྲོད་ལམ་དུ་བསྒྱུར་ཕོད་པའི་སྙིང་སྟོབས་ཅན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-14

    1951ལོར། དམག་སྡེ་བཅོ་བརྒྱད་པའི་དམག་དཔུང་དང་མཉམ་སྐྱོད་གསར་འགོད་པ་ཀྲའོ་ཧྲེན་ཡིང་གིས“བོད་དུ་སྐྱོད་པའི་བཙན་འགག་དང་པོ”ཤར་གངས་ལ་སྒྲོལ་སྐབས་ཀྱི་སྙིང་འགུལ་བླ་འདར་དགོས་པའི་དཔུང་སྐྱོད་ལམ་བུའི་གནས་ཚུལ་ཞིབ་ཕྲ་བཀོད་ཡོད།

    ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་དུ་ལོ་ངོ་70སོང་རྗེས་སླར་ཡང་སྔོན་བྱོན་པས་བོད་དུ་དཔུང་སྐྱོད་བྱས་པའི་རྗེས་ཤུལ་དུ་དངོས་སུ་སྐྱོད་པ་ལས་ང་ཚོར་གསར་བརྗེའི་ཁྲག་རྒྱུན་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པའི་མྱོང་ཚོར་ཟབ་མོ་བྱུང་ལ། གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་དེ་བས་ཀྱང་མཐོང་བྱུང་།

    ཤར་གངས་ལར་ས་བབ་མཐོ་ཚད་སྨི་5298ཟིན་ཞིང་། གཉན་ཆེན་ཐང་ལྷའི་རི་རྒྱུད་ཀྱི་ལྷོ་འདབས་སུ་གནས་པའི་ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་དུ་གནས་ཡོད། ལོ་ངོ་70ཡི་གོང་དུ་རི་བོ་དེ་ནི་དམག་སྡེ་བཅོ་བརྒྱད་པ་བོད་དུ་སྐྱོད་པའི་ལམ་བར་གྱི་རི་བོ་མཐོ་ཤོས་དེ་རེད།

    འདི་ལོ་ལོ་50ལ་སོན་པའི་བློ་བཟང་དོན་གྲུབ་ཆུང་དུས་ནས་ད་བར་དཔལ་འབར་རྫོང་དུ་འཚོ་བ་བསྐྱལ་ནས་བསྡད། ཁོང་གི་ཕ་ནི་དེ་སྔ་དམག་སྡེ་བཅོ་བརྒྱད་པའི་སྐད་སྒྱུར་བ་རེད།

    བློ་བཟང་དོན་གྲུབ་ཀྱིས་ཤར་གངས་ལར་དུས་ཡུན་རིང་པོའི་ནང་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་བུ་མེད་པས་ལ་བརྒྱབ་ཐེངས་རེར་ཉེན་ཆེའི་གནས་ཚུལ་ཐོན་གྱི་ཡོད། དེ་སྔོན་དྲེལ་དེད་ནས་རྐང་ཐང་མར་ཤར་གངས་ལ་བརྒྱབ་སྐབས་གནམ་གཤིས་ཡག་པོ་བསྟན་ཡང་ཉིན་མཚན་གཅིག་འགོར་གྱི་ཡོད། ཤར་གངས་ལའི་ཉེན་ཁ་ནི་དུས་ཚོད་རིང་པོ་འགོར་བ་ཙམ་མ་ཡིན་པར་འགྲོ་ལམ་རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་པོ་ཐོན་པ་ནི་དེ་བས་ཉེན་ཁ་ཆེ་བ་ཡོད་ཅེས་དྲན་གསོ་བྱེད་བཞིན་བཤད།

    “སྐབས་དེ་དུས་དམག་སྡེ་བཅོ་བརྒྱད་པས་དཔལ་འབར་རྫོང་ནས་ཤར་གངས་ལ་བརྒྱུད་གཡུལ་ས་མདུན་མར་བསྐྱོད་དེ་བཅིངས་འགྲོལ་བཏང་ཟིན་པ་མ་ཟད་ཆ་རྐྱེན་ཅུང་ལེགས་པའི་དཔལ་འབར་དུ་མི་ཁག་གཅིག་བཅའ་སྡོད་ས་སྲུང་ལ་བཞག ལམ་བུ་དེའི་ཉེན་ཁ་གསལ་པོ་ཤེས་ཀྱང་ཚང་མས་མདུན་ཕྱོགས་སུ་བསྐྱོད་རྒྱུའི་བརྩོན་ལེན་བྱེད་ཀྱི་ཡོད”ཅེས་བློ་བཟང་དོན་གྲུབ་ཀྱིས་བཤད་ཅིང་། ཁོང་གིས་ངའི་ཕ་དེ་སྔ་དམག་དཔུང་དང་མཉམ་དུ་ཆབ་མདོ་བཅིངས་འགྲོལ་གཏོང་བའི་གཡུལ་འགྱེད་ནང་ཞུགས་མྱོང་ཡོད། ཨ་ཕའི་འཐབ་གྲོགས་ཤིག་རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་ལས་དོན་སྒྲུབ་དགོས་པས་དམག་ལ་ཞུགས་མ་ཐུབ་པར་བརྟེན་འཐབ་གྲོགས་ཀྱིས་ཨ་ཕར་གཡུལ་ས་མདུན་མའི་དམག་འཐབ་ནང་ཞུགས་པའི་མིང་སྐལ་དེ་ཁོ་པར་སྤྲོད་རྒྱུའི་རེ་བ་བཏོན་པ་རེད་ཅེས་བཤད། དེ་ལྟར་བློ་བཟང་དོན་གྲུབ་ཀྱི་ཨ་ཕ་དཔལ་འབར་རྫོང་དུ་བསྡད་པ་དང་འབྲེལ་དེ་གར་ཁྱིམ་ཐབ་ཀྱང་བཟུང་བ་རེད།

    ལར་འཛེག་པའི་ལམ་བུ་ཀྱག་གེ་ཀྱོག་གེ་དང་གུག་ཆ་མང་པོ་ཡོད་པས་རླངས་འཁོར་ཡོམ་ཆེ་བ་དང་འདམ་རྫབ་ཁྲོད་སྐྱོད་དགོས་ཀྱི་ཡོད། སྟབས་བདེའི་གཞུང་ལམ་དེ་2000ལོའི་ཟླ་10པར་དངོས་སུ་ཤར་གཏོང་ཐུབ་པ་དང་། ལོ་དེར་ཤར་གངས་ལའི་ལ་རྩེར་རླངས་འཁོར་ཤར་གཏོང་ཐུབ་ཐེངས་དང་པོ་ཡིན་པ་རེད།

    “དེ་སྔ་གྲོང་མི་ཚོས་ལའི་སྐོར་གླེང་ན་མགོ་བོ་གཡུག་གཡུག་བྱེད་ཀྱི་ཡོད་ལ་རྒྱུན་དུ་གངས་རྡིབ་རྒྱག་པ་དང་དྲག་ཆར་རླུང་བུས་གཙེས་བཞིན་ཡོད། ལམ་བུ་དེ་བཟོ་སྐབས་རི་ཁུག་ཏུ་རླངས་འཁོར་གྱི་འུར་སྒྲའི་བྲག་ཆ་མ་ཡལ་བར་ལ་རྩེ་ཚུད་པའི་ཕྱོགས་མང་པོར་རྫས་མེས་གཏོར་ཡོད། གྲོང་མི་ཚོས་གུང་ཁྲན་ཏང་གི་དཀའ་ངལ་ལ་མི་སྐྲག་པ་དང་དཔའ་ངར་ཆེན་པོས་རྒྱལ་ཁ་བརྩོན་པའི་སྙིང་སྟོབས་ལ་བསྔགས་བརྗོད་མི་བྱེད་མཁན་གཅིག་ཀྱང་མེད”ཅེས་བློ་བཟང་དོན་གྲུབ་ཀྱིས་བཤད།

    ད་ཆ་གངས་ལྗོངས་ས་མཐོའི་རང་བྱུང་འོབས་ཆེན་ཐོགས་མེད་ལམ་དུ་འགྱུར་བའི་འཕོ་འགྱུར་ཧ་ཅང་ཆེན་པོ་དེའང་ཤར་གངས་ལར་མངོན་འགྱུར་བྱུང་བ་རེད། ལམ་ཐག་སྤྱི་ལེ་4.3ཙམ་ཡོད་པའི་ཕུག་ལམ་ཞིག་དུས་སང་ཤར་གཏོང་ཐུབ་རེ་ཡོད་པ་དེས་གངས་གསོག་གིས་ལམ་འགགས་ནས་ཤར་གངས་ལ་བརྒལ་མི་ཐུབ་པའི་ལོ་རྒྱུས་རྦད་དེ་མཇུག་འགྲིལ་རྒྱུ་རེད།

    རྒྱལ་ལམ་349ཡི་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭའི་རྣམ་གྲངས་བཀོད་འདོམས་པུའི་བཀོད་འདོམས་པ་ཧོང་ཏེ་ལིན་གྱིས་2018ལོའི་ཟླ་10པར་རྒྱལ་ལམ་349ཡི་དཔལ་འབར་ནས་ལྷ་རི་བར་གྱི་ལམ་དུམ་སྒྱུར་བཀོད་ལས་གྲྭ(ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་ནས་ནག་ཆུ་གྲོང་ཁྱེར་ལྷ་རི་སྙེའུ་ཤང་བར་གྱི་དུམ་བུ)སྐྲུན་འགོ་ཚུགས་པ་དང་། རྣམ་གྲངས་ལམ་ཐིག་ཨ་མར་སྤྱི་ལེ་112.892ཟིན་པའི་ནང་སྤྱི་ལེ་4.3ཟིན་པའི་ཤར་གངས་ལའི་ཕུག་ལམ་ཚུད་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    “ཤར་གངས་ལའི་ཕུག་ལམ་ནི་རྒྱལ་ལམ་349ཡི་ལམ་ཐིག་གི་འགག་རྩའི་ལས་གྲྭ་ཞིག་ཡིན་པ་དང་མིག་སྔར་ཕུག་ལམ་70%བསྐྲུན་ཟིན་ཡོད” ཅེས་ཧོང་ཏེ་ལིན་གྱིས་བཤད།

    “ལས་ཡུལ་གྱི་མི་ཚང་མས་དམག་སྡེ་བཅོ་བརྒྱད་པས་འདི་ནས་བོད་དུ་དཔུང་སྐྱོད་བྱས་པ་ཤེས་ཀྱི་ཡོད། དེ་ལས་ལས་གྲྭ་འདིར་ཞུགས་མཁན་མི་ཚང་མའི་སེམས་ནང་གཟི་བརྗིད་ཆེན་པོ་ཡིན་སྙམ་གྱི་ཡོད”མིག་སྔར་དཀའ་ངལ་དང་དཔོག་དཀའ་བའི་འགྲན་སློང་མེད་པ་ག་ལ་ཡིན། ང་ཚོར་མཐར་ཕྱིན་པ་བསྒྲུབས་ནས་གྲུབ་འབྲས་ཐོབ་རྒྱུའི་ཆོད་སེམས་ཡོད་ཅེས་ལས་ཡུལ་གྱི་འགན་འཁུར་བའི་གྲས་ཤིག་ཡིན་པའི་ཏེང་དབྱིན་ཧྥུང་གིས་བཤད།

    ལས་ཡུལ་གྱི་འགྲེམས་པང་ཐོག་ནས་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་པོ་བྱུང་བའི་ལོ་ངོ་སྟོང་གི་གནའ་ལམ་ལ་སླར་ཡང་གསོན་ཤུགས་གསར་པ་རྒྱས་པ་དང་། ཕུག་ལམ་བསྐྲུན་རྗེས་ཆབ་མདོ་ནས་ལྷ་ས་བར་གྱི་ལམ་ཐག་སྤྱི་ལེ་300ལྷག་ཙམ་ཐུང་དུ་འགྲོ་རྒྱུ་ཡིན་པ། ཆབ་མདོ་དང་ནག་ཆུ་ནས་ལྷ་ས་སོགས་སུ་སྐྱོད་པའི་དུས་ཚོད་ཆེས་ཆེར་ཐུང་དུ་འགྲོ་རྒྱུ་ཡིན་པ། ས་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱང་ལོ་རྒྱུས་ཀྱི་མྱུར་བགྲོད་ལམ་བུ་གསར་པའི་ཐོག་བསྐྱོད་རྒྱུ་ཡིན་པ་བཅས་མངོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།