དབུ་ཤོག>ཆེད་སྒྲིག
  • དེ་སྔའི“གྲོང་ཚོ་ཆེན་པོ”དེང་རབས་ཅན་གྱི་གྲོང་རྡལ་ཆུང་ངུར་གྱུར་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-13

    རྒྱལ་ཆུའི་ངོགས་སུ་གནས་པའི་འབྲི་རུ་རྫོང་བན་དཀར་ཤང་ཡ་ང་མདོ་གྲོང་ཚོ་ནས་ཤང་སྲིད་གཞུང་གནས་ཡུལ་དུ་སྐྱོད་པའི་ལམ་བར་དུ་གསར་འགོད་པས་བཅིངས་འགྲོལ་དམག་གི་བོད་སྐྱོད་ལམ་བུ་དེད་ནས་བཅར་འདྲི་བྱེད་ཀྱིན། ལོ་ངོ་70ཡི་སྤྱི་ཚོགས་འཕོ་འགྱུར་གྱི་གཡུར་ཟའི་འབྲས་བུ་འཚོལ་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཚོར་བར་བྱས་པ་ཡིན།

    ལུང་གཞུང་དུ་གྲགས་པའི་གོམ་སྒྲ

    ཡ་ང་མདོ་ནི་དཔལ་འབར་རྫོང་སྙེ་མོ་ཤང་ནས་འབྲི་རུ་རྫོང་བན་དཀར་ཤང་བར་གྱི་རི་མཐོ་གྲོག་རོང་ཁྲོད་ཀྱི་ཡངས་ཤིང་རྒྱ་ཆེ་བའི་ཁུལ་ཞིག་རེད། “བྱང་ལམ་ཆུང་ངུ”བརྒྱུད་དེ་ཡོང་ཚེ་དེ་ནི་བརྒྱུད་དགོས་ངེས་ཀྱི་ས་ཚིགས་ཤིག་ཡིན་པ་དང་། ཡུལ་དེས་འགྲུལ་པའི་ངལ་དུབ་སེལ་ལ་ལོ་རྒྱུས་ཀྱི་འཕོ་འགྱུར་གྱི་བདེན་དཔང་ཡང་བྱས་ཡོད།

    ཨར་འདམ་ལམ་བརྒྱུད་ནས་གྲོང་ཚོའི་བྱང་ངོས་སུ་བསྐྱོད་ན་ནས་ཞིང་ཞིག་བརྒྱུད་རྗེས་དཔལ་ལྡན་གྱིས་སྲུང་སྐྱོང་བྱེད་པའི་ཕ་མེས་ཀྱི་ཁང་པ་རྙིང་པ་དེར་འབྱོར་གྱི་ཡོད།

    “ཀྲང་གོ་ཧྭ་དང་བཅིངས་འགྲོལ་དམག་མི་ང་ཚོའི་ཁྱིམ་དུ་ཡོང་མྱོང་ཡོད། ཁ་ལག་བཟས་རྗེས་ཡ་ང་མདོའི་མི་འབོར་དང་། ས་ཞིང་། ནོར་ལུག་སོགས་ཀྱི་གཞི་རྩའི་གནས་ཚུལ་སྐད་ཆ་ཞིབ་ཕྲ་དྲིས་བྱུང”འདི་ལོ་ལོ་60ལ་སླེབས་པའི་དཔལ་ལྡན་གྱིས་གསར་འགོད་པ་དང་བཅས་པ་ཁྲིད་དེ་ལོ་བརྒྱ་སོང་བའི་སྡོད་གནས་རྙིང་པར་ལྟ་སྐོར་བྱེད་སྐབས་སྤོ་ལགས་ཀྱིས་ཁོང་ལ་བཤད་པའི་གཏམ་རྒྱུད་རྣམས་གསར་འགོད་པར་བཤད། “སྤང་མགོ་ཐང་དང་ཡ་ང་མདོ་ནས་བན་དཀར་བར་གྱི་ལམ་རྒྱུད་དུ་བཅིངས་འགྲོལ་དམག་མིས་མི་སེར་ལ་ཞིང་ལས་བྱེད་རོགས་བྱེད་པ་མ་ཟད། ད་དུང་ས་རྒོད་བསློགས་ནས་ས་ཞིང་ཡང་བཏབ་ཡོད”

    ཆབ་མདོ་བཅིངས་འགྲོལ་བཏང་རྗེས་དཔུང་སྡེ་ཁག་ཐེངས་མང་པོ་སྔ་རྗེས་སུ“བྱང་ལམ་ཆུང་ངུ”བརྒྱུད་ནས་ལྷ་སར་བསྐྱོད། ཀྲང་གོ་ཧྭ་དང་ཐན་ཀོན་སན་གྱིས་སྣེ་ཁྲིད་པའི་དམག་དཔུང་ཐད་གཏོགས་ལས་ཁུངས་དང་། ཝང་ཀུའེ་གནས་སའི་སྔོན་སྐྱོད་མྱུལ་ཞིབ་ཁོའོ། ཧྲི་ཤོག་ང་གཉིས་པའི་ཐོན་ཤོག་བརྒྱ་དང་ལྔ་བཅུ་ང་ལྔ་པ། དེ་བཞིན་ལིན་ཐེན་སོགས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཚང་མས་འགྲོ་ལམ་དེའི་ཐོག་བོད་དུ་སྐྱོད་པའི་གནས་ཚུལ་བཀོད་ཡོད་ལ་རྗེས་ཤུལ་ཡང་བཞག་ཡོད།

    དབྱང་དབྱི་ཀྲེན་གྱི《བོད་དུ་དཔུང་སྐྱོད་བྱེད་པའི་ཉིན་ཐོའི》ནང“དམག་དཔུང་ཐད་གཏོགས་ལས་ཁུངས་ཟླ་9ཚེས་30ཉིན་གྱི་ཆུ་ཚོད་8དང་སྐར་མ་15ཡི་ཐོག་ཐོན་པ་དང་། ལམ་ཐག་ལེ་དབར་45ཙམ་བསྐྱོད་རྗེས་ཆུ་ཚོད་14ཡི་ཐོག་ཡ་ང་མདོར་འབྱོར་ནས་ཞག་སྡོད་བྱས། ལམ་བར་དུ་ཞིང་ལས་གཙོ་བོར་བྱེད་པ་དང་། གསོམ་སྡོང་ཁ་ཤས་ཡོད་པ། རྩྭ་ཡག་པོ་མེད་པ། ཆུ་ལེན་བདེ་བ། འགྲོ་ལམ་ཡག་པོ་ཡོད་པ”སོགས་འཁོད་ཡོད།

    དཔལ་ལྡན་གྱིས་བཤད་པའི་གཏམ་རྒྱུད་དེ་བོད་དུ་ཡོང་བའི་བཅིངས་འགྲོལ་དམག་གི་འཐབ་འཛིང་པ་ཚོའི་ཟིན་ཐོ་དང་མཐུན་ཞིང་། ལོ་རྒྱུས་ཀྱི་འཕོ་འགྱུར་ཁྲོད་ཀྱི་དོན་ཆེན་དག་རྒྱལ་ཆུའི་ལུང་གཞུང་དུ་ཞིབ་ཅིང་ཕྲ་ལ་གསོན་ཉམས་དོད་པོར་མངོན་ཡོད།

    ཡ་ང་མདོ་ནས་བན་དཀར་ཤང་བར། དེ་སྔའི་རི་ལམ་ཀྱག་ཀྱོག་དེ་ད་ཆ་ཡངས་ཤིང་ཁོད་སྙོམས་པའི་རྒྱལ་ལམ་ལ་གྱུར་མོད། འོན་ཀྱང་ནགས་ཚལ་སྟུག་པོ་དག་སྔར་བཞིན་གནས་ཡོད། ལུང་གཞུང་དུ་དྲོད་རླུང་བསིལ་བསིལ་ལྡང་བ་དང་ཐང་ཤིང་རླུང་གིས་འགུལ་བའི་སྒྲ་ལྷང་ངེར་གྲགས་པ་དེ་འཐབ་འཛིང་པ་ཚོའི་མདུན་སྐྱོད་ཀྱི་གོམ་སྒྲ་གངས་རིའི་ལུང་གཞུང་དུ་རྒྱུན་ཆད་མེད་པར་གྲགས་པ་ལྟར་སྣང་།

    སེམས་གཏིང་དུ་འཁོད་པའི་དྲན་ཤེས་མེ་ལོང་།

    “བཅིངས་འགྲོལ་དམག་མིས་མང་ཚོགས་སྒྲིག་འཛུགས་བྱས་ནས་འབྲི་གཡག་གི་སྐྱེལ་འདྲེན་རུ་ཁག་བཙུགས་པ་དང་ཡ་ང་མདོ་ནས་བན་དཀར་བརྒྱུད་གསང་མདའ་བན་ཀོང་དུ་དངོས་ཟོག་དབོར་ན་ལམ་གྲོན་མང་པོ་སྤྲོད་ཀྱི་ཡོད”བཅིངས་འགྲོལ་དམག་གིས་དངོས་ཟོག་ཉོ་སྒྲུབ་དང་སྐྱེལ་འདྲེན་བྱེད་སྐབས་གྲོས་བསྡུར་བྱས་ནས་བྱ་བ་སྒྲུབ་པ་དང་རིན་གོང་ལྟར་དངུལ་སྤྲོད་པ་དེ་སྤྱི་ཚོགས་རྙིང་པའི་བོད་ས་གནས་སྲིད་གཞུང་གིས་བཙན་ཤེད་ངང་མི་ཤུགས་དང་དངོས་ཤུགས་བསྡུ་སྤྱོད་བྱེད་པའི“ཁྲལ་འུ་ལག”དང་བསྡུར་ན་ཁྱད་པར་མངོན་གསལ་དོད་པོ་ཡོད་པ་དཔལ་ལྡན་གྱི་སྐད་ཆ་ལས་ཤེས་རྟོགས་ཐུབ།

    ཁྲལ་འུ་ལག་ནི་མངའ་བདག་ཆེན་པོ་གསུམ་གྱིས་ཞིང་བྲན་ལ་བཤུ་གཞོག་གཏོང་ཐབས་གཙོ་བོ་ཞིག་རེད། ཞིང་བྲན་ཚོ་དུས་ཡུན་རིང་པོའི་ནང་མངའ་བདག་ཆེན་པོ་གསུམ་གྱི་ཁྲལ་འུ་ལག་གི་བཤུ་གཞོག་ཚད་མེད་མྱོང་དགོས་པ་དང“སྐད་ཆ་ཤོད་ཤེས་པའི་ཕྱུགས་ཟོག”ལ་གྱུར་ཡོད།

    དཔལ་ལྡན་གྱིས་བཅིངས་འགྲོལ་དམག་བན་དཀར་དུ་འབྱོར་སྐབས་སྟོན་དུས་ཡིན་པ་དང་དེ་དུས་བྱང་ངོས་སུ་འཇའ་ཚོན་ཤར་བ་དང་ཏག་ཏག་སྐབས་འཁེལ་སོང་། སྟོན་དུས་བྱང་ངོས་སུ་འཇའ་ཚོན་ཤར་བ་ནི་མཐོང་དཀོན་པ་ཞིག་ཡིན་པས། མི་སེར་ཚོས“བཅིངས་འགྲོལ་དམག་མི་ནི་མི་སྤྱིར་བཏང་བ་ཞིག་མ་རེད”ཅེས་ཤོད་ཀྱི་ཡོད་ཅེས་བཤད།

    གུང་ཁྲན་ཏང་གི་འཐབ་འཛིང་པ་ཚང་མ་མི་དམངས་ཀྱི་བུ་ཕྲུག་དམག་ཡིན་ཞིང་། ཁོང་ཚོས་གསར་བརྗེའི་སྙིང་སྟོབས་ཆེན་པོ་དང་རྒྱལ་ཁབ་ལ་བརྩེ་སེམས་ཟབ་མོ་བཅངས་ཏེ། བོད་ཞི་བས་བཅིངས་འགྲོལ་གཏོང་བའི་བླ་ན་མེད་པའི་འགན་འཁྲི་ཕྲག་ཏུ་འཁུར་ཏེ་ལང་ཚོ་དང་། ཁྲག་དྲོན། ཚེ་སྲོག་བཅས་ལ་བརྟེན་ནས་མེས་རྒྱལ་གྱི་མངའ་ཁོངས་ཆ་ཚང་སྲུང་སྐྱོབ་དང་གངས་ལྗོངས་མི་དམངས་ལ་བདེ་སྐྱིད་བསྐྲུན་ཏེ་མུན་ནག་ཁྲོད་གནས་པའི་བོད་ལྗོངས་ལ་རེ་བའི་སྒྲོན་མེ་སྤར་ཡོད།

    “སྐྱིད་པོ་ང་ཚོས་བྱས། དཀའ་ལས་ཁོང་ཚོས་བརྒྱབ་སོང”བཅིངས་འགྲོལ་དམག་གི་འཐབ་འཛིང་པ་ཚོས་བོད་ལ་བཅིངས་འགྲོལ་དང་མི་དམངས་ལ་བཅིངས་འགྲོལ་གཏོང་ཆེད། ལེ་དབར་སྟོང་གི་སར་དཀའ་སྤྱད་མདུན་སྐྱོད་བྱས་ནས་བདེ་སྐྱིད་དང་འོད་སྣང་སྦྱིན་པས་ང་ཚོར་སེམས་འགུལ་ཟབ་མོ་ཐེབས་པ་དང་སྦྲགས་དགའ་འགུ་ཡི་རང་ཆེན་པོ་སྐྱེ་གི་འདུག་ཅེས་དཔལ་ལྡན་གྱིས་བཤད།

    ཚོང་ལས་དར་བའི་གྲོང་རྡལ་ཆུང་ངུ་།

    རྒྱལ་ཆུའི་ངོགས་ཀྱི་བན་དཀར་ནི་བོད་ཀྱི་ཟིལ་རླབས་དགུང་འཕྱུར་གྱི་ལོ་རྒྱུས་ཀྱི་དཔང་རྟགས་ནུས་ལྡན་ཞིག་དང་བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན་གྱི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད།

    གཙང་ལ་འདྲོང་བའི་འགྲོ་ལམ་བརྒྱུད་དེ་གྲོང་རྡལ་ཆུང་ངུར་འཆམ་འཆམ་དུ་སྐྱོད་ན་མི་དང་རླངས་འཁོར་གྱི་འགྲོ་འོང་འཁྲུག་ཆ་དོད་ལ་ཚོང་ལས་ཀྱི་རྣམ་པ་ཟབ་མོ་མངོན་ཞིང་། ཁུལ་གསར་དུ་གནས་པའི་ཕྱོགས་བསྡུས་ཞིང་ཞོར་ཉོ་ཚོང་ཁྲོམ་ར་ནི་དེ་བས་འཁྲུག་ཆ་དོད་པ་ཞིག་འདུག

    བཅར་འདྲི་བྱེད་པའི་ཉིན་དེ་དབྱར་རྩྭ་དགུན་འབུ་སྔོག་འཐུ་བྱེད་པར་བསྐྱོད་རྒྱུའི་གྲ་སྒྲིག་གི་ཉིན་མོ་ཡིན་པས་མི་རྣམས་ཁྲོམ་དུ་བསྐྱོད་དེ་པད་ཚལ་དང་། སོ་ལོ་སྔོན་པོ། ཧོང་ཀྭ ཀུ་ཤུ ངང་ལག་ལ་སོགས་འཚོ་བའི་མཁོ་ཆས་ཉོ་བར་བྲེལ། འཇིགས་མེད་ཆོས་རྒྱལ་དང་ནང་མི་ཚོས་གཟའ་འཁོར་གཅིག་འདང་བའི་ཤིང་འབྲས་དང་སྔོ་ཚལ་ཉོས། “དེ་གར་ཚལ་རིགས་སྣ་ཁ་འཛོམས་ཤིང་རིན་གོང་ཡང་ཁེ་པོ་ཡོད”སི་ཁྲོན་མེ་ཧྲན་ནས་ཡིན་པའི་ཏེང་ལི་ཅུན་གྱིས་བན་དཀར་དུ་སྔོ་ཚལ་ཚོང་ཁང་གཉེར་ནས་ལོ་7འགྲོ་གི་ཡོད། ཁོང་གིས་ཚལ་འཚོང་ཞོར་དུ་གསར་འགོད་པར“ཤང་དུ་ཞིང་ཞོར་ཐོན་རྫས་ཉོ་ཚོང་ཁྲོམ་ར་བཙུགས་པས་ཉོ་ཚོང་བྱེད་མཁན་ཚང་མར་སྟབས་བདེ་བྱུང”ཞེས་བཤད།

    དུས་རབས་གོང་མའི་ལོ་རབས་80པའི་ལོ་འགོར་སྒྱུར་བཅོས་སྒོ་དབྱེའི་ཐོག་མའི་དུས་སུ་བན་དཀར་བ་དུད་ཚང་ལྔ་དྲུག་ཙམ་གྱིས་ཚོང་ཙག་ཙིག་རྒྱག་འགོ་ཚུགས་ནས་ཞིང་ཕྱུགས་ཐོན་ཟོག་དང་འཚོ་བའི་མཁོ་ཆས་ཉོ་ཚོང་བྱེད་ཀྱི་ཡོད།

    2000ལོའི་རྗེས་སུ་དངོས་རྫས་གསར་པ་སྣ་ཚོགས་ཏེ་དཔེར་ན། སྦག་སྦག་དང་རླངས་འཁོར་སོགས་སྤོམ་ཆེའི་འཛད་རྫས་མི་སེར་གྱིས་ཉོ་གི་ཡོད་པས་སྦག་སྦག་བཟོ་བཅོས་ཁང་སོགས་དཔྱིད་ཀྱི་མྱུ་གུ་བཞིན་མང་པོ་ཐོན་ཡོད། དུས་དེ་ནས་བཟུང་བན་དཀར་ལ“ཤང་ཀང་ཆུང་ངུ”ཞེས་འབོད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཤང་ནང་ཁུལ་གྱི་བཟའ་བཏུང་དང་། རོལ་རྩེད། རྒྱུན་སྤྱོད་དངོས་རྫས་སྒོ་རྩིས་ཚོང་ཁང་། ཞིང་ཞོར་ཐོན་རྫས་ཉོ་ཚོང་ཁྲོམ་ར། འཕྲུལ་ཆས་བཟོ་བཅོས་ཁྲོམ་ར་སོགས་ཆ་ཚང་ཡོད་པ་དང་། སྒེར་གཉེར་བཟོ་ཚོང་དུད་ཚང་300ལྷག་ཙམ་ཟིན་ནས་ཚོང་ལས་ཀྱི་རྣམ་པ་སྔར་བས་ཟབ་ཏུ་ཕྱིན་ཡོད། གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་བྱས་པ་བརྒྱུད་རྣམ་པ་གསར་རྐྱང་དུ་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།