ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སུ་གནས་པ་དང་ས་བབ་མཐོ་ཚད་སྨི་4000ཟིན་པའི་ལྷུན་རྩེ་རྫོང་གི་ཡུལ་སྨད་ཤང་ལ་སྔོན་མ“ཀྲུང་གོའི་མི་འབོར་ཉུང་ཤོས་ཀྱི་མཐའ་མཚམས་ཤང”ཞེས་འབོད། མཐའ་མཚམས་ཤང་དེར་སྐབས་ཤིག་རིང་གཡང་འཛོམས་དང་། སྒྲོལ་དཀར། ཁོང་གཉིས་ཀྱི་གྲོངས་ཟིན་པའི་ཕ་བཅས་མི་གསུམ་རང་ལས་མེད། ཁོང་ཚོས་ལོ་བཅུ་ཕྲག་འགའ་ཞིག་རིང་ཉིན་གཅིག་ལྟར་ཕྱུགས་འཚོ་བ་དང་སྐོར་གཡེང་དུ་སྐྱོད་ནས་མེས་རྒྱལ་གྱི་སྤྱི་ལེ་ངོས་གྲུ་སྟོང་ཕྲག་ཟིན་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོབ་བྱས་ཡོད།
ད་ཆ་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག ཡུལ་སྨད་ཤང་དེ་ཤང་གཅིག་དང་གྲོང་ཚོ་གཉིས་ཡོད་པའི་འབྱོར་འབྲིང་ཤང་གྲོང་ཞིག་ཏུ་གྱུར་པ་དང་ཡུལ་སྨད་ཤང་དུ་ཡུལ་མི་200ལྷག་ཙམ་བར་མང་དུ་ཕྱིན་ཡོད། “མི་འབོར་མང་དུ་ཕྱིན་པ་དང་ཐོན་ལས་འཕེལ་རྒྱས་ཕྱིན་ཏེ། མེས་རྒྱལ་གྱི་མཐའ་མཚམས་ཇི་ཙམ་འཛུཌ་སྐྲུན་བྱས་པ་དེ་ཙམ་གྱིས་མཛེས་སུ་འགྲོ་ངེས་དང་ཇི་ཙམ་སྲུང་སྐྱོབ་བྱས་པ་དེ་ཙམ་གྱིས་ལེགས་སུ་འགྲོ་ངེས་ཡིན”ཞེས་ཡུལ་སྨད་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཞུའེ་མིན་གྱིས་བཤད། ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཀྱིས་མཐའ་མཚམས་ས་ཁུལ་གྱི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ཤུགས་ཆེན་བྱས་ཤིང་། འཛུགས་སྐྲུན་གྱི་ནང་དོན་གཙོ་བོའི་གྲས་སུ་སྡོད་ཁང་འཛུགས་སྐྲུན་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན། ཐོན་ལས་འཛུགས་སྐྲུན། སྐྱེ་ཁམས་དང་སྡོད་མལ་ཁོར་ཡུག་འཛུགས་སྐྲུན་བཅས་ཚུད་ཡོད།
2020ལོའི་ལོ་མཇུག་བར། བོད་ཀྱིས་ཚད་གཞི་མཐོ་བའི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་604བསྐྲུན་པ་དང་མཐའ་མཚམས་ས་ཁུལ་གྱི་ཐོན་ལས་རྣམ་གྲངས་206ཚང་མ་སྐྲུན་འགོ་བཙུགས་ཡོད། མཐའ་མཚམས་ཀྱི་ལམ་ཐིག་དང་པོ་དང་གཉིས་པའི་སྲིད་འཛིན་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་ནས་སྤྱི་ལེ་3080ཟིན་པའི་མཐའ་མཚམས་ཀྱི་གཞུང་ལམ་130གསར་སྐྲུན་དང་བསྐྱར་སྐྲུན་བྱས་ཡོད། གློག་དྲ་གཙོ་བོ་མཐའ་མཚམས་ཤང(གྲོང་རྡལ)ཡོངས་སུ་སྣུར་སྲིང་བྱས་པ་དང་། གྲོང་ཚོ་ཀུན་ཏུ་སྦྲག་ལམ་ཤར་གཏོང་ཐུབ་པ། སྒུལ་བདེའི་འཕྲིན་གཏོང་དྲ་རྒྱ་ཡོངས་སུ་ཁྱབ་པ། གྲོང་གསེབ་མི་འབོར་གྱི་འཐུང་ཆུའི་བདེ་འཇགས་འགན་ལེན་ཐུབ་ཡོད། མཐའ་མཚམས་གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་། ཐོན་ལས་སྣ་ཚོགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ། མཐའ་མཚམས་མི་སེར་གྱི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད།
ཁོར་ཡུག་མཛེས་པའི་འབྱོར་འབྲིང་གྲོང་ཚོས་བོད་ཀྱི་མཐའ་མཚམས་ལ་བཀྲག་མདངས་གསར་པ་བསྣན་ཞིང་། སྐལ་བཟང་མེ་ཏོག་ལྟར་གངས་ལྗོངས་ཀྱི་མཐའ་མཚམས་སུ་རྩ་བ་ཚུགས་ནས་རྒྱལ་ཁབ་ཀྱི་ས་ཆ་སྦར་མཐིལ་ཙམ་ཡང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་བཞིན་ཡོད།