དབུ་ཤོག>ཆེད་སྒྲིག
  • གངས་ལྗོངས་ཀྱི་གནས་རྙིང་ནས་རྣམ་པ་གསར་པ་མངོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-13

    དཀའ་ཚེགས་ཆེ་བའི་འཐབ་རྩོད་བྱེད་རིང་། སྔོན་ཐོན་ལེན་ཤོག་གིས་ཆབ་སྲིད་བསམ་བློའི་ལས་དོན་ལ་དམིགས་སུ་བཀར་ནས་མཐོང་ཧ་ཅང་ཆེན་པོ་བྱས་པ་འདི་ནི་ཁོང་ཚོས་མཐུན་སྒྲིལ་འབད་འཐབ་བྱས་པ་བརྒྱུད་ནམ་ཡང་མི་ཕམ་པར་གནས་པའི་རྒྱུ་རྐྱེན་གལ་ཆེན་ཞིག་རེད།

    སྔོན་སྐྱོད་ལེན་ཤོག་ལ་འཕྲད་པའི་བྱ་བ་ཐམས་ཅད་ནི་ཛ་དྲག་ཆེ་ལ་ཡ་ང་སྙིང་རྗེ་སྤུ་ཙམ་ཡང་མེད་པ་ཤ་སྟག་ཡིན་ཞིང་། ཁོང་ཚོས་རི་མཐོ་གཡང་གཟར་དང་གངས་འཁྱགས་ཀྱིས་བསྡམས་པའི་རི་བོའི་འཕྲང་ལམ་འགྲིམས་ཏེ། ལམ་རྒྱུད་ཀྱི་མངོན་མེད་རྐྱེན་ངན་ཚང་མ་སེལ་དགོས་པ་དང་། རི་ཀླུང་གྲངས་ལས་འདས་པ་བརྒལ་ནས་བོད་དུ་སྐྱོད་པའི་ལམ་ཞིག་འཚོལ་དགོས་ཀྱི་ཡོད། སྔར་བྱུང་མྱོང་མེད་པའི་ཁྱུ་ཚོགས་རྣམ་པའི་དཔུང་སྐྱོད་བྱེད་རིང་། ལོ་རྒྱུས་ཀྱི་བརྒྱུད་རིམ་དེ་འདྲ་ཞིག་གི་མདུན་དུ་ཁོང་ཚོས་གསལ་ཤོས་ཤེས་པ་གཅིག་རང་ལས་མེད་པ་ནི་དཀའ་ངལ་ཁྱད་བསད་དང་རང་སྲོག་བློས་གཏོང་བྱེད་རྒྱུ་དེ་རེད། ཁོང་ཚོས་རྗེས་མཐུད་དཔུང་སྡེར་བཞག་པའི་ལམ་རྟགས་གསལ་པོར་འགོད་པའི་རྒྱུ་ཆ་དེའང་། ཤ་ཁྲག་ལས་གྲུབ་པའི་ཕུང་པོ་དང་ཐང་རྒོད་དུ་ཁ་ཐོར་དུ་སྤུངས་པའི་དུར་ས་ཁོ་ན་ཙམ་ལས་མེད། ཁོང་ཚོས་ཀྱང་ངེས་པར་དུ་གསོན་པོར་གནས་ཐབས་བྱེད་དགོས་ཀྱི་ཡོད། གང་ལགས་ཤེ་ན། འགྲོ་ལམ་བཤངས་ནས་མངའ་རིས་བཅིངས་འགྲོལ་གཏོང་རྒྱུ་ནི་ཁོང་ཚོའི་མཐའ་མའི་དམིགས་ཡུལ་ཡིན་པས་རེད།

    —— 《བོད་སྐྱོད་དཔའ་བོའི་སྔོན་སྐྱོད་ལེན་ཤོག》ནས་བཏུས།

    1059294_yis_1631462400000_s.jpg

    འདི་ནི་སྒེར་རྩེ་རྫོང་གྲོང་ཡིན་པ།

    སྒེར་རྩེ་རྫོང་གི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ཟིན་པ་དང་། བོད་ཀྱི་ནུབ་བྱང་ས་མཐོའི་དབུས་སུ་གནས་པ། སྤྱི་ལེ་ངོས་གྲུ་ཁྲི་13.56ཟིན་པའི་རྒྱ་ཁྱོན་དེས་མངའ་རིས་ས་ཁུལ་གྱི་སྤྱིའི་རྒྱ་ཁྱོན་གྱི་གསུམ་ཆ་གཅིག་བཟུང་ཡོད། ལྷ་ས་ནས་མངའ་རིས་བར་དུ་དངོས་ཟོག་བརྒྱུད་སྐྱེལ་བྱེད་པའམ་ཡང་ན་ས་ཁམས་ཀྱི་ཆགས་སྟངས་གང་ཡིན་རུང་། འགྲིམ་འགྲུལ་འགག་གནད་ཅིག་ཡིན་པའི་བྱང་རྒྱུད་ལམ་དེའི་གནས་བབ་ལ་འགྱུར་བ་བྱུང་མྱོང་མེད།

    1950ལོར་མི་རིགས་ཁག་7ནས་ཡོང་བའི་འཐབ་འཛིང་པ་130ལྷག་ཙམ་ལས་གྲུབ་པའི་བོད་སྐྱོད་སྔོན་སྐྱོད་ལེན་ཤོག་གིས“བོད་ལ་དཔུང་སྐྱོད་ཆེན་པོ་བྱེད་པའི”དར་ཆ་མཐོན་པོར་བསྒྲེངས་ཏེ། ཤིན་ཅང་གི་ཡུས་ཐེན་རྫོང་ཕུའུ་ལུའུ་གྲོང་ཚོ་ནས་འགན་སྒྲུབ་དམ་བཅའ་བཞག་སྟེ་དཔུང་སྐྱོད་བྱེད་འགོ་བཙུགས་ཤིང་། ལོ་ཧྲིལ་པོར་གངས་གསོག་ཐེབས་པའི་རི་བོ་མཐོན་པོ་བརྒལ་བ་དང་། དྲོད་ཚད་དམའ་ཞིང་གསོ་རླུང་མི་འདང་བ་དང་དངོས་ཟོག་མཁོ་སྤྲོད་མི་འདང་བ། ཤི་རྨས་ཕྱེད་ཀ་ཙམ་བྱུང་བ་ལ་སོགས་པའི་དཀའ་ངལ་རབ་དང་རིམ་པ་ཁྱད་བསད་ཀྱིས་མདུན་སྐྱོད་བྱས་པ་བརྒྱུད་བོད་བྱང་ཐང་དུ་དང་ཐོག་འབྱོར་ཞིང་། ཁོང་ཚོ་ནི་བོད་དུ་སྐྱོད་མཁན་བཅིངས་འགྲོལ་དམག་གི་དཔུང་ཁག་དང་པོར་གྱུར་པ་དང་། དཔའ་ངར་ཆེ་ཞིང་གཉའ་མི་ཞུམ་པའི་སྒོ་ནས་ཏང་དང་མི་དམངས་ཀྱིས་སྤྲད་པའི་གཟི་བརྗིད་ལས་འགན་ལེགས་པར་བསྒྲུབས་པ། དམག་དཔུང་ཆེན་པོ་མངའ་རིས་སུ་བསྐྱོད་ནས་མངའ་རིས་ཞི་བས་བཅིངས་འགྲོལ་གཏོང་རྒྱུར་ཆ་རྐྱེན་བསྐྲུན་ཡོད།

    སྔོན་སྐྱོད་ལེན་ཤོག་དེ་མུ་མཐའ་མེད་པའི་བོད་བྱང་ཐང་དུ་འབྱོར་བ་དང་འབྲེལ་གྲང་ངར་ཤིན་ཏུ་ཆེ་བའི་དགུན་དུས་སུ་ཉིན་མཚན་270ལྷག་ཙམ་བརྟན་སྲུང་བྱས་པའི་གནས་ཡུལ་རྙིང་པ་སྟེ། གྲ་མ་མང་པོ་ཞེས་པ་དེ་སྒེར་རྩེ་རྫོང་ཁོངས་སུ་ཡོད། དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ས་གནས་དེ་གའི་མང་ཚོགས་ཀྱིས་སྔོན་སྐྱོད་ལེན་ཤོག་ལ་དྲན་གསོ་ཞུ་ཆེད། གྲ་མ་མང་པོའི་རྒྱུད་ལ་ཐོག་མར་མིང་ལ“རི་ཅ”ཟེར་བ་ནས“ཤན་ཆེན་ཤང”ཞེས་པར་བསྒྱུར། ད་ཆ“སྔོན་སྐྱོད་ལེན་ཤོག་གི་སྙིང་སྟོབས”དར་སའི་སྒེར་རྩེ་རྫོང་ལའང་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།

    སྒེར་རྩེ་རྫོང་ཨུད་དྲིལ་བསྒྲགས་པུའི་དྲིལ་བསྒྲགས་ཀན་ཧྲི་ཀརྨ་ཆོས་གྲགས་ཀྱིས་གསར་འགོད་པར། ང་རང་སྒེར་རྩེ་རྫོང་ཤན་ཆེན་ཤང་དུ་སྐྱེས་རྗེས་ཆུང་དུས་ཕ་དང་མཉམ་དུ་སྒེར་རྩེ་རྫོང་གྲོང་དུ་འཚོ་བ་སྐྱེལ་བ་དང་སློབ་གྲྭར་ཡོང་བ་ཡིན་ཞེས་བཤད་བྱུང་། ཁོང་གི་དྲན་འཆར་ནང་སྐབས་དེ་དུས་སྒེར་རྩེ་རྫོང་ལ་ཁྲོམ་གཞུང་ལམ་གཅིག་རང་ལས་མེད་པ་དང་མིང་ལ་ལུང་རི་ལམ་ཟེར་བ་དེ་རེད། “ལུང་རི”ཞེས་པའི་མིང་ནི་རྫོང་གྲོང་བརྒྱུད་ཤང་ཤང་དུ་རྒྱུག་པའི“ལུང་རི་གཙང་པོ”ལས་བྱུང་བ་ཞིག་རེད། ད་ཆ་སྐམ་ལ་ཉེ་བའི་གཙང་པོ་ཆུང་ཆུང་དེ་ནི་རྫོང་གྲོང་གི་གཙང་པོ་གཅིག་པུ་དེ་རེད།

    ང་ཚོ“སྔོན་སྐྱོད་ལེན་ཤོག་གི་རྗེས་ཤུལ་འཚོལ་བའི”བཅར་འདྲི་འཕྲིན་སྤེལ་ཚོགས་ཆུང་གིས་སྒེར་རྩེ་རྫོང་དང་། ཤན་ཆེན་ཤང་། ཁ་འབབ་གཉིས་སོགས་སུ་བཅར་འདྲི་བྱེད་སྐབས་སྒེར་རྩེ་རྫོང་ཨུད་དྲིལ་བསྒྲགས་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་པ་སངས་ནོར་བུ་དང་དྲིལ་བསྒྲགས་ཀན་ཧྲི་ཀརྨ་ཆོས་གྲགས་ཀྱིས་སྔ་རྗེས་སུ་མཉམ་དུ་ཡོང་རོགས་བྱས་པ་དང་། ཁོང་ཚོའི་སྤྲོ་སྣང་དང་སེམས་རྩ་འཁོལ་བའི་བྱེད་སྟངས་ལས་གསར་འགོད་པར་སེམས་འགུལ་ཆེན་པོ་ཐེབས་བྱུང་།

    པ་སངས་ནོར་བུས་སྒེར་རྩེར་ལས་ཀ་ལོ་20ཙམ་བྱས་ཤིང་། ཁོང་གིས“དེ་གར་གོམས་ན་སྐྱིད་པོ་འདུག སྔོན་མ་དང་བསྡུར་ན་སྒེར་རྩེ་རྫོང་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ལས་བྱེད་པ་དང་ལས་བཟོའི་འཚོ་བའི་ཆ་རྐྱེན་དང་སྡོད་ཁང་སོགས་ཧ་ཅང་ཡག་པོ་འདུག”ཅེས་བཤད།

    “ཧ་ཅང་ཡག་པོ་འདུག”ཅེས་པ་དེ་ནི་པ་སངས་ནོར་བུ་དང་ཀརྨ་ཆོས་གྲགས་སོགས་ལས་བྱེད་པ་མི་རབས་གསར་པ་ཚོས་རྒྱུན་དུ་ཤོད་པའི་སྐད་ཆ་ཞིག་རེད། སྔོན་ཆད་རྫོང་གྲོང་ལ་ཁྲོམ་གཞུང་ལམ་གཅིག་ལས་མེད། ད་ཆ་རིག་གནས་ལམ་དང་། མང་ཚོགས་ལམ། གློག་འཕྲིན་ལམ་སོགས་འཕྲེད་གཞུང་སྣོལ་ནས་ཡོད་པ་དང་ཁྲོམ་གཞུང་ཚང་མའི་སྔོ་ལྗང་ཁུལ་དུ་རྩྭ་རྩི་ཤིང་སྣ་ཚོགས་བཏབ་ཡོད། ས་སྲོད་མཚམས་སུ་དུད་ཚང་རེ་རེའི་ཁང་པའི་ནང་གི་གློག་སྒྲོན་དང་། ཁྲོམ་གཞུང་གི་ལམ་སྒྲོན། ཚོང་ཁང་གི་ཚོན་གློག་བཅས་གཅིག་རྗེས་གཉིས་མཐུད་ངང་སྤར་བས་རྫོང་གྲོང་ཡོངས་དེ་བས་བཀྲག་མདངས་ལྡན་པར་གྱུར།

    སྒེར་རྩེ་རྫོང་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱིས་མཁོ་འདོན་བྱས་པའི་གྲངས་གཞི་ཞིག་ལས་མངོན་པར། ཉེ་བའི་ལོ་གཉིས་ནང་རྫོང་ཡོངས་ཀྱི་གྲོང་སྲིད་གཞུང་ལམ་འཛུགས་སྐྲུན་ལ་ཁྱོན་མ་དངུལ་སྒོར་ཁྲི་2600ཙམ་བཏང་ཡོད། 2016ལོ་ནས་བཟུང་ལས་བྱེད་པ་དང་ལས་བཟོའི་ལས་ཤག་འཛུགས་སྐྲུན་ལ་ཁྱོན་མ་དངུལ་སྒོར་ཁྲི་2017བཏང་བ་དང་སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་5040ཟིན་ཡོད།

    “དེ་སྔ་རྫོང་སྲིད་གཞུང་གི་སྡེ་ཚན་ཚང་མ་སྲིད་གཞུང་གི་སྒོ་རའི་ནང་གཅིག་སྡུད་བྱས་ཡོད་པ་དང་། ཚན་པ་རེར་ཁང་མིག་རེ་གཉིས་ལས་མེད། འོན་ཀྱང་ད་ཆ་རྫོང་དུ་ལས་བྱེད་པ་དང་ལས་བཟོའི་ལས་ཤག་ཡོད་པ་མ་ཟད་སྡེ་ཚན་ཚང་མར་རང་ཉིད་ཀྱི་སྒོ་རའང་ཡོད། རྫོང་ཡོངས་ཀྱི་ལས་བྱེད་པ་དང་ལས་བཟོ་ཚོའི་ལས་ཀ་བྱ་ཡུལ་དང་ལས་ཤག་ཏུ་གསོ་རླུང་དང་། དྲོད་རླངས། ཆུ་སོགས་མཁོ་འདོན་གྱི་སྒྲིག་ཆས་རིམ་བཞིན་འཐུས་སྒོ་ཚང་དུ་བཏང་ཡོད”ཅེས་སྒེར་རྩེ་རྫོང་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་ཅུས་ཀྲང་བསམ་གཏན་གྱིས་བཤད།

    ལོ་དེ་དག་ནང་སྒེར་རྩེ་རྫོང་གིས་སྡོད་ཁང་སྐྱོ་ཁུལ་དང་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་ཤུགས་ཆེན་བྱས་ཏེ། རྫོང་གྲོང་ནས་ཤང་གྲོང་བར་གྱི་དྲོད་རླངས་དང་གསོ་རླུང་མཁོ་འདོན་སྒྲིག་ཆས་རིམ་བཞིན་རྒྱ་སྐྱེད་བཏང་བ་དང“གསང་སྤྱོད་གསར་བརྗེ”ཧུར་ཐག་བྱས་ནས་ཁོར་ཡུག་འཕྲོད་བསྟེན་གཅིག་སྡུད་ཐོག་བཅོས་སྒྲིག་བྱས་ཡོད།

    ད་ཆ་སྒེར་རྩེ་རྫོང་གིས“ཆུའི”དཀའ་གནད་ནུས་ཤུགས་ཡོད་རྒུས་སེལ་བཞིན་ཡོད། རྫོང་གྲོང་དུ་ས་བཟུང་རྒྱ་ཁྱོན་སྨི་ངོས་གྲུ་1017.33ཙམ་ཟིན་པ་དང་མ་དངུལ་སྒོར་ཁྲི་2000བཏང་བའི་ཆུ་མཁོ་འདོན་ལས་གྲྭ་ཞིག་བསྐྲུན་ཡོད། “ཆུ་ཁུངས་བཟོ་གྲྭ་དེ་འདི་ལོའི་ཟླ་5པར་ཚོད་ལྟའི་གཉེར་སྐྱོང་བྱེད་འགོ་ཚུགས་པ་དང་རྫོང་ཡོངས་སུ་བེད་སྤྱོད་ཐུབ་རྗེས། སྔོན་དཔག་བྱས་ན་ཉིན་རེར་ཆུ་མཁོ་འདོན་བྱེད་ཚད་སྨི་རྒྱ་དཔངས་གྲུ་བཞི་1300ཟིན་རྒྱུ་རེད” སྒེར་རྩེ་རྫོང་གྲོང་ཁྱེར་མ་འཇོག་ཀུང་སིའི་འགན་འཁུར་བ་ཀརྨ་བསྟན་འཛིན་གྱིས། དེ་མིན་སྒེར་རྩེ་རྫོང་གྲོང་མ་འཇོག་ཀུང་སིས་ད་དུང་ཚ་ཁུངས་བཟོ་གྲྭ་བཙུགས་ནས་རྫོང་གྲོང་ལ་ཆེད་མངགས་དྲོད་རླངས་མཁོ་འདོན་བྱས་པ་དང་གསོ་རླུང་བཟོ་གྲྭ་བཙུགས་ནས་རྫོང་ཡོངས་ཀྱི་ལས་བྱེད་ལས་བཟོར་གསོ་རླུང་མཁོ་འདོན་བྱེད་ཀྱི་ཡོད་ཅེས་བཤད།

    རིམ་ཁག་ཏང་ཡོན་ལས་བྱེད་པའི་སྣེ་ཁྲིད་འོག 2019ལོར་སྒེར་རྩེ་རྫོང་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་དབུལ་སྒྲོལ་བྱུང་ཞིང་། རྫོང་དབུལ་པོའི་རིམ་གྲལ་ནས་གྲོལ་རྗེས་ཐོན་ལས་རྣམ་གྲངས་མུ་མཐུད་འཕེལ་རྒྱས་གཏོང་བ་དང་། ལས་ཞུགས་གཞན་སྒྱུར་སྔར་བས་རྒྱ་ཆེར་གཏོང་བ། འབྲོག་ཁུལ་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་པས་ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་རྒྱུན་མཐུད་ངང་འཕར་ཡོད། ད་ཆ“སྔོན་སྐྱོད་ལེན་ཤོག་གི་སྙིང་སྟོབས”ལས་ལས་བྱེད་པ་དང་མང་ཚོགས་ཚོས་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པར་སྔར་བཞིན་ལྕག་སྐུལ་ཐེབས་བཞིན་ཡོད།

    1059663_yis_1631462400000_s.jpg

     (རྩ་གཉིས་ཨང་རྟགས་བཤེར་འབེབས་བྱས་ན་ནང་དོན་དེ་བས་མང་བར་བལྟ་ཐུབ)

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།