བྱང་ཐང་ས་གཞི་ཆེ་མོའི་སྟེང་གི་དཔའ་བོར་བསྟོད་པའི་གླུ།
ས་མཐོར་འཐབ་རྩོད་བྱས། གནམ་ས་གསར་པ་གཏོད་པའི་སྙིང་སྟོབས་འཕེལ།
སྔོན་སྐྱོད་ལེན་ཤོག་གྲ་མ་མང་པོར་འབྱོར་སྐབས་སྟོན་མཇུག་ཏུ་སླེབས་ཡོད། སི་ལིང་ཡོན་ཝང་ཀྲེན་གྱིས“ས་ཆ་དེར་དགུན་སྒྲོལ་གྱི་གྲ་སྒྲིག་ཨང་བསར་བྱས་ཏེ་མང་ཚོགས་ཀྱི་ལས་དོན་ཕྱོགས་ཡོངས་ནས་སྤེལ་བ་དང་ས་ཆ་དེ་བརྟན་སྲུང་བྱས་ཏེ་རྗེས་མཐུད་དཔུང་སྡེ་སྒུག་ནས་སྒར་ཐོག་ལ་མཉམ་དུ་དཔུང་སྐྱོད་བྱེད་དགོས”ཞེས་མཛུབ་ཁྲིད་གནང་།
ཟླ་11པར་སླེབས་སྐབས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་40ལྷག་ཙམ་བར་ཆག་ནས་གངས་འཁྱགས་ཀྱིས་སྐྱེལ་འདྲེན་མཁོ་སྤྲོད་ལམ་བུ་བཀག་ཡོད། དགུན་ཁ་དང་ཕྱི་ལོའི་དཔྱིད་ཀར་ཤིན་ཅང་དམག་ཁུལ་ཁང་གིས་དམག་རྒྱགས་སྐྱེལ་འདྲེན་ཐེངས་གསུམ་བྱེད་རིང་། ཡུ་གུར་རིགས་ཀྱི་སྤུན་ཟླ་3རང་སྲོག་ཤོར་བ་དང་། ཁལ་ཕྱུགས་1690ལྷག་ཙམ་ཤི་ཡོད། ཐེངས་མཇུག་ཤོས་དེར་དམག་ཁུལ་ཁང་གིས་ཁལ་ཕྱུགས་707དང་དམག་རྒྱགས་རྒྱ་མ་ཁྲི་1.5གྲ་སྒྲིག་བྱས་ཀྱང་འབྲི་གཡག་2དང་། ཚྭ་སྤྱི་རྒྱ་15 བག་ལེབ་7བཅས་ལས་སྐྱེལ་ཐུབ་མེད།
བག་ལེབ་7པོ་དེ་མཐོང་རྗེས་འཐབ་འཛིང་པ་རྣམས་མིག་ཆུ་ཤོར་ནས་ཁོང་ཚོས་གོང་རིམ་ལ་ད་ནས་ཉེན་ཁར་མ་འཛེམ་པར་འབྲུ་རིགས་སྐྱེལ་མི་དགོས་པའི་རེ་བ་ཞུས།
སྐབས་དེར་སྔོན་སྐྱོད་ལེན་ཤོག་ཟས་རིགས་མེད་པའི་གནས་སུ་གྱར། ཐབས་ཤེས་ཟད་ནས་རི་དྭགས་རྔོན་ཏེ་རང་སྐྱོབ་བྱེད་དགོས་འཁེལ་ཡོད།
དེ་ལས་འཇིགས་སུ་རུང་བ་ནི་ཚྭ་མེད་པ་དེ་རེད།
སྦྲ་གུར་སྔ་ས་ནས་གྲང་རླུང་གིས་བརྡར་ཟད་ཐེབས་ནས་རལ་ཡོད། ཡུ་གུར་རིགས་ཀྱི་འཐབ་འཛིང་པས་ས་དོང་འདྲུ་རྒྱུའི་གྲོས་འགོ་བཏོན། ལོ་མང་པོའི་འཁྱགས་ས་བརྐོ་བ་ནི་ལས་སླ་མོ་ཞིག་ག་ལ་ཡིན། འཇོར་གཅིག་གཞུས་རྗེས་ལག་པ་སྦིར་བ་ལས་ས་ལེབ་ཕྲ་མོ་ཙམ་ཡང་བཀོག་ཐུབ་ཀྱི་མེད་པས། མཛུབ་ཁྲིད་པ་ལི་ཙེ་ཞང་གིས་མེ་བཏང་སྟེ་འཁྱགས་པ་བཞུར་རྗེས་སྔོག་རྒྱུའི་ཐབས་ཇུས་བཏོན།
དེ་ལྟར་འཐབ་འཛིང་པ་ཚོས་ས་དོང་41དང་། རྟ་ར་8 འགེབས་སྲུང་བྱ་ཡུལ་49 སྨི་249ཡི་འགྲིམ་འགྲུལ་འཛིང་རགས་དང་བཙན་རྫོང་གཉིས་བཅས་བསྐྲུན་ནས། མི་དམངས་བཅིངས་འགྲོལ་དམག་གིས་མངའ་རིས་སུ་དམག་དཔུང་འདུས་སྡོད་བྱེད་པའི་ལོ་རྒྱུས་བཏོད་ཡོད།
གཉེན་ཉེ་བཅིངས་འགྲོལ་དམག་གི་སྡུག་བསྔལ་མཐོང་སྐབས་མངའ་རིས་ཀྱི་མི་སེར་ཚོ་སེམས་ཀྱིས་ག་ལ་བཟོད།
དགེ་རྒྱས་ཚྭ་ཁའི་དྲེལ་པ་གྲ་མ་མང་པོ་བརྒྱུད་སྐབས་འབྲོག་པ་བཀྲ་ནོར་དང་ཆོས་འཛིན་གཉིས་ཀྱིས་འགོ་པའི་བཀག་རྒྱར་མ་འཛེམ་པར་རྐང་བཙུགས་ནས་ཚྭ་ཁུག་གཤགས་ཏེ་ཚྭ་སྔོན་སྐྱོད་ལེན་ཤོག་བཅའ་སྡོད་བྱེད་སའི་འགྲམ་དུ་འཛགས་སུ་བཅུག
འོན་ཀྱང་སྒེར་རྩེའི་དེ་སྔའི་འགོ་པས་གཞན་སྡུག་སྙིང་ཚིམ་བྱེད་ཀྱི་ཡོད།
1950ལོའི་ཟླ་11པར། སྒེར་རྩེའི་དེ་སྔའི་འགོ་དཔོན་ཞིག་མངགས་ནས་སྔོན་སྐྱོད་ལེན་ཤོག་གི་བཅའ་སྡོད་བྱ་ཡུལ་དུ་བཏང་བ་དང“ལྟ་སྐོར”ལ་ཁ་གཡར་ཡང་དོན་དངོས་ཐོག་གནས་ཚུལ་ལྐོག་ལྟ་བྱེད་མཁན་རེད།
ལི་ཏི་སན་གྱིས་འཐབ་འཛིང་པ་ཚོར་ལམ་རྒྱུད་ཀྱི་གུར་ཚང་མའི་ནང་མེ་མདའ་སྦག་སྦག་གཉིས་བསྒྲིགས་སུ་བཅུག་པ་མ་ཟད། གྲ་མ་མང་པའི་དམག་སྒར་ནང་མེ་སྒྱོགས་གཉིས་ཀྱང་བསྒྲིགས་སུ་བཅུག
“མཚོན་ཆ་དེ་གང་རེད་དམ”ཞེས་དཔོན་པོ་དེས་དྲིས།
ལི་ཏི་སན་གྱིས“དེ་ནི་མེ་སྒྱོགས་རེད། ང་ཚོའི་དམག་དཔུང་གིས་རྒྱུན་དུ་སྤྱོད་པའི་མཚོན་ཆ་འབྲིང་གྲས་ཤིག་རེད”ཅེས་སྣང་མེད་ངང་ལན་བཏབ་ཀྱང་དོན་དངོས་ཐོག་དེ་ནི་འཐབ་རྩོད་ཅིག་ཅི་ལ་མིན།
རྗེས་སུ་མངའ་རིས་སྒར་དཔོན་གྱིས་འཐུས་མི་ཚེ་བརྟན་ཕུན་རྒྱལ་དང་བཀྲ་ཤིས་ཚེ་རིང་སྔོན་སྐྱོད་ལེན་ཤོག་དང་གྲོས་མོལ་བྱེད་པར་མི་གཏོང་ཀ་མེད་བྱུང་།
1950ལོའི་ཟླ་11ཚེས་21ཉིན་ནི་བོད་ཞི་བས་བཅིངས་འགྲོལ་བཏང་བའི་ལོ་རྒྱུས་རང་བཞིན་གྱི་དུས་སྐབས་ཤིག་རེད།
གྲ་མ་མང་པོ་ནས་ཤར་ལྷོའི་མཚམས་སུ་སྤྱི་ལེ་20ཆོད་པའི་ལིང་ཁུང་དུ་དུས་ཡུན་ཉིན་གསུམ་གྱི་འཐབ་རྩོད་གྲོས་མོལ་བྱས་པ་བརྒྱུད། ལི་ཏི་སན་གྱིས་ཀྲུང་དབྱང་སྲིད་གཞུང་གི་ཚབ་ཞུས་ཏེ་སྒར་དཔོན་ས་གནས་སྲིད་གཞུང་གི་འཐུས་མི་དང《གྲོས་མཐུན་དོན་ཚན་ལྔ》ལ་མིང་རྟགས་བཀོད།
དེ་ནི་བཅིངས་འགྲོལ་དམག་དང་བོད་ས་གནས་སྲིད་གཞུང་དབར་བཞག་པའི་ཆབ་སྲིད་ཀྱི་ཞི་བའི་གྲོས་མཐུན་དང་པོ་དེ་ཡིན་པས་བོད་ཞི་བས་བཅིངས་འགྲོལ་གཏོང་བའི་འཕེལ་རིམ་ལ་སྐུལ་འདེད་ནུས་ལྡན་ཐེབས་པ་མ་ཟད། བོད་འདི་ཉིད་དེང་རབས་ཤེས་དཔལ་ཕྱོགས་སུ་བསྐྱོད་པའི་མཚོན་རྟགས་གལ་ཆེན་ཞིག་ཀྱང་རེད།
གྲོས་མོལ་མཇུག་འགྲིལ་རྗེས། སྒར་དཔོན་ས་གནས་སྲིད་གཞུང་གི་འཐུས་མིས་ས་གནས་དེ་གའི་གོམས་སྲོལ་ལྟར་དྲག་རྩལ་འགྲན་རྒྱུའི་གྲོས་འགོ་བཏོན་པར་གདེང་ཚོད་ཡོད་པའི་ལི་ཏི་སན་གྱིས་ཁས་བླངས།
དྲག་རྩལ་འགྲན་བསྡུར་བྱེད་སྐབས། ལེན་ཀྲང་གཞོན་པ་ཕེང་ཆིང་ཡུན་གྱིས་མེ་མདའི་རྩལ་ངོམས་པ་དང་སོག་རིགས་འཐབ་འཛིང་པ་པ་ལི་ཞང་གིས་སྟོབས་ཤུགས་ངོམ་སྟེ་མདའི་གཞུ་མོ་བཅག་པས་དེ་གར་ཡོད་པའི་མི་རྣམས་ཡི་རངས་པར་གྱུར།
ལི་ཏི་སན་གྱིས་གོ་སྐབས་དམ་འཛིན་བྱས་ནས་བོད་ཞི་བས་བཅིངས་འགྲོལ་གཏོང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་དྲིལ་བསྒྲགས་བྱས་པ་དང་། དྲག་རྩལ་འགྲན་བསྡུར་དེ་རང་དམག་གི་ཟིལ་ཤུགས་ངོམ་པ་དང་། སྲིད་ཇུས་དྲིལ་བསྒྲགས་བྱེད་པ། དམངས་ཚོགས་དང་མཐུན་སྒྲིལ་བྱེད་པ་བཅས་ཀྱི་དྲིལ་བསྒྲགས་ཚོགས་འདུར་གྱུར་ཡོད།
དུས་རབས་གསར་པར་སླེབས་པ་དང་འཐབ་རྩོད་གསར་པ་ཞིག་འགོ་ཚུགས་ཤིང་། མང་ཚོགས་དབུལ་པོའི་བསམ་བློ་དང་འདུ་ཤེས་ལ་འགྱུར་ལྡོག་གཏོང་བའི་འཐབ་རྩོད་ཤན་ཆེན་ཤང་དུ་སྤེལ་ཡོད།
“2019ལོར་ཤན་ཆེན་ཤང་གི་དུད་ཚང་དབུལ་པོ་208ཚང་མ་དབུལ་སྒྲོལ་ཐུབ་ཡོད། ཏང་གི་ཐུགས་ཁུར་དང“སྔོན་སྐྱོད་ལེན་ཤོག་གི་སྙིང་སྟོབས”ཀྱི་འོད་སྣང་འོག་ཤན་ཆེན་ཤང་ཏང་ཨུད་དང་སྲིད་གཞུང་གིས་མང་ཚོགས་ཀྱི་སྣེ་ཁྲིད་དེ་དུས་བཀག་ལྟར་དབུལ་སྒྲོལ་འགག་སྒྲོལ་གྱི་དུས་རབས་ཀྱི་དམག་འཐབ་དེར་རྒྱལ་ཁ་བླངས་ཡོད།
དཔའ་བོར་གནོང་འགྱོད་མེད། རང་སྲོག་དོར་བའི་བློ་སྟོབས་རབ་ཏུ་བསྐྱེད།
གྲ་མ་མང་པོར་བོད་སྐྱོད་དཔའ་བོའི་སྔོན་སྐྱོད་ལེན་ཤོག་གི་དྲན་གསོའི་རྡོ་རིང་བརྗིད་ཉམས་ཆེ་ལ་སྒམ་བརླིང་ལྡན་པའི་སྒོ་ནས་འགྱིང་ངེར་གནས་ཡོད།
ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བ་དང་བསྟུན་ནས་ཏང་ཡོན་ལས་བྱེད་པ་དེ་བས་མང་བ་དེར་ཡོང་སྟེ་སྔོན་གཤེགས་དཔའ་བོའི་གསར་བརྗེའི་ཞབས་རྗེས་འཚོལ་བཞིན་ཡོད།
“དྲན་གསོའི་རྡོ་རིང་གི་མཐོ་ཚད་ལ་སྨི་13.6ཡོད་པ་དེས་སྔོན་སྐྱོད་ལེན་ཤོག་གི་དཔོན་དམག་136མཚོན་པ་དང་། གཞོགས་གཉིས་ནི་རང་སྲོག་བློས་བཏང་བའི་སྔོན་གཤེགས་དཔའ་བོ་63གྱི་མིང་གཞུང་རེད”ཅེས་གསལ་འགྲེལ་པ་བསྟན་འཛིན་སྒྲོལ་མས་བརྗོད།
1951ལོའི་གྲང་ངར་ཆེ་བའི་དགུན་ཁར་ཁ་བ་བུ་ཡུག་ཕུད་སྔོན་སྐྱོད་ལེན་ཤོག་ལ་ད་དུང་ནད་གཞི་ཕོག་པའི་དཀའ་ངལ་འཕྲད།
དེ་ནི་ཤི་ཚད་ཧ་ཅང་མཐོ་བའི་ནད་ཡམས་ཤིག་རེད། སྔོན་སྐྱོད་ལེན་ཤོག་གི་དཔོན་དམག་གིས་དེར་རྒྱུས་མངའ་གང་ཡང་མེད།
རང་སྲོག་ཤོར་བའི་འཐབ་འཛིང་པ་དང་པོ་ནི་ལོ་33ལ་སླེབས་པའི་ལིའུ་ཅིན་ཅི་རེད། དེ་རྗེས་ཚའོ་ཅ་ཤིས་དང་། ཨ་ཐིང་ཧྥང་། ལིའུ་ཧའོ་ཀྲེ་སོགས་1951ལོའི་གནམ་ལོ་གསར་ཚེས་ཀྱི་རྗེས་སུ་ཧ་ལམ་ཉིན་ལྟར་འཐབ་འཛིང་པ་གྲོངས་ཀྱི་ཡོད། མང་ཤོས་སྐབས་ཉིན་གཅིག་ལ་འཐབ་འཛིང་པ་11གྲོངས་ཡོད།
ནད་ཡམས་དང་འདས་གྲོངས་ཀྱིས་ཀྱང་སྙིང་སྟོབས་རབ་ཏུ་བརྟན་པའི་དཔའ་བོའི་ལེན་ཤོག་དེའི་བློ་སྟོབས་ཉམས་མེད།
1951ལོའི་ལོ་གསར་གནམ་གང་ལ་རང་སྲོག་ཤོར་བའི་འཐབ་གྲོགས་ལིའུ་ཧྲོའུ་ཚའེ་པུར་འཇུག་བྱས་རྗེས། ལི་ཏི་སན་གྱིས་བློ་མཐུན་ཚོར་སྔོན་ནས་བཟོས་པའི་ལྒང་བཞུ་འགེལ་དུ་བཅུག་སྟེ་རང་སྲོག་ཤོར་བའི་འཐབ་གྲོགས་ལ་མཆོད་འབུལ་བྱས་རྗེས། ཁོང་གིས་ཚང་མ་སྒྲིག་འཛུགས་བྱས་ཏེ་དབྱང་ཀོ་ཞབས་བྲོ་འཁྲབ་པ་དང་། ས་དོང་ནང་ཁོང་གིས་བྲིས་པའི“སྡུག་རུས་གྱིས། མཐའ་མཚམས་སུ་མཉམ་དུ་འཛོམས་ནས་མདུན་སྐྱོད་བྱེད”ཅེས་པའི《དཔའ་ངར་ཞུམ་མེད་ཀྱི་གླུ་དབྱངས》བླངས།
སྐབས་དེར་ཁོང་ལ་ནད་གཞི་ཕོག་ནས་ཡུན་རིང་སོང་རུང་སྦ་གསང་བྱས་ནས་བསྡད།
1951ལོའི་ཟླ་5ཚེས་28ཉིན། རང་ཚུགས་རྟ་དམག་ཧྲི་ཤོག་གི་ཐོན་ཤོག་གཉིས་པའི་ཐོན་ཀྲང་གཞོན་པ་ཨན་ཀྲི་མིང་གིས་རྗེས་མཐུད་དམག་དཔུང་ཁྲིད་དེ་གྲ་མ་མང་པོར་འབྱོར་བ་དང་། སྔོན་སྐྱོད་ལེན་ཤོག་དང་རྒྱལ་ཁའི་ངང་མཉམ་འཛོམས་བྱུང་ཡོད། ལི་ཏི་སན་འདས་ཁར། བོད་ཞི་བས་བཅིངས་འགྲོལ་གཏོང་བའི“གྲོས་མཐུན་དོན་ཚན་བཅུ་བདུན”པེ་ཅིང་དུ་བཞག་པ་ཤེས་རྗེས་ཁོང་གི་མིག་ནས་མཆི་མ་དབང་མེད་དུ་ཤོར། ཁོང་གིས་རང་ཉིད་ནད་ཀྱིས་མནར་ཡང་བྲིས་པའི་ཉིན་ཐོ་གཉིས་ཨན་ཀྲི་མིང་ལ་སྤྲད་པ་དེ་ནི་སྔོན་སྐྱོད་ལེན་ཤོག་བོད་སྐྱོད་བྱས་ཚུན་ཉར་ཚགས་བྱས་པའི་དཔྱད་ཡིག་ཆ་ཚང་རེད།
ལི་ཏི་སན་ལོ་34ལ་སླེབས་སྐབས་སྐུ་གཤེགས། ལེན་ཤོག་གི་ཏང་ཀྲི་པུས་ཁོང་ལ་ཕན་ཉི་ཤིས་ལིན་མཐའ་མ་དེ་སྤྱོད་རྒྱུའི་གྲོས་ཐག་བཅད་ཀྱང་ཁོང་གིས་ཚང་མར་གྲོས་ཐག་གཅོད་མི་རུང་། ང་ཤི་ཁར་ད་དུང་གྲོས་ཆོད་ལག་བསྟར་མ་བྱས་པའི་མིང་ཆད་འཁུར་དུ་མ་འཇུག་རོགས་ཞེས་རེ་བ་བཏོན།
ཁ་ཆེམས་ནང་ལི་ཏི་སན་གྱིས་དཔེ་ཆ་དང་གླིང་བུ་ཁྲེན་ཞིན་ཀྲི་ལ་བཞག་པ་དང་། ཀོ་བའི་ཏ་དབྱི་དང་ཇ་སྣོད་རྣམས་འཐབ་འཛིང་པ་ལ་ཝུའུ་ཀྭ་དང་ཧའོ་ཝུན་ཆིན་ལ་བཞག་པ། གྱོན་ཆས་ཁ་ཤས་ལས་མེད་པ་མ་བྱན་པན་གྱི་བློ་མཐུན་རྣམས་ལ་བཞག་ཡོད།
ཡིད་སྐྱོ་དགོས་པ་ཞིག་ལ་ཤུལ་བཞག་དངོས་རྫས་ཤིན་ཅང་ལ་སྐྱེལ་བར་འགྲོ་སྐབསཉིན་ཐོ་གཉིས་དང་ལི་ཏི་སན་གྱིས་ཨ་མར་བཞག་པའི་ཝ་མོའི་རྔ་མ་དེ་སྟབས་མ་ལེགས་པར་ལང་ལོང་དུ་རྒྱུག་པའི་ཆུ་ནང་དུ་ལྷུང་།
ལི་ཏི་སན་སྐུ་གཤེགས་ནས་ཡུན་རིང་མ་སོང་བར་ཀྲུང་དབྱང་དམག་ཨུད་ཀྱིས་ཁོང་ལ“མི་དམངས་ཀྱི་དཔའ་བོའི”མཚན་སྙན་རྗེས་སྤྲོད་གནང་བ་རེད།
ལི་ཏི་སན་པུར་འཇུག་བྱས་རྗེས་སྔོན་སྐྱོད་ལེན་ཤོག་གི་དཔོན་དམག་ཡོངས་ཀྱིས་མཉམ་དུ་མིང་བཀོད་དེ་ཧྲི་ཤོག་ཏང་ཨུད་ལ་ཏར་བཏང་ནས་སྒར་ཐོག་ཏུ་དཔུང་སྐྱོད་བྱེད་པའི་སྔོན་སྐྱོད་ལས་འགན་འཁུར་དུ་འཇུག་རྒྱུའི་རེ་བ་བཏོན།
ཧྲི་ཤོག་ཏང་ཨུད་ཀྱིས་ཁོང་ཚོའི་རེ་བ་ཆོག་མཆན་སྤྲད་པ་དང་ནད་གཞི་ཚབས་ཆེན་ཕོག་པའི་ལན་ཀྲང་ཚའོ་ཧའེ་ལིན་དང་འཐབ་འཛིང་པ་ཁ་ཤས་བཅའ་སྲུང་ལ་བཞག་པ་ཕུད། ལི་ཙི་ཞང་དང་ཕེང་ཆིང་ཡུན་གྱིས་འཐབ་འཛིང་པ་གཞན་45ཡི་སྣེ་ཁྲིད་དེ་སྔོན་སྐྱོད་ཡན་ལག་རུ་ཁག་བཙུགས་ནས་སྨི་6000ལྷག་ཙམ་ཟིན་པའི་ཏུང་ཅུན་ལ་ཏ་པན་བརྒལ་ནས་1951ལོའི་ཟླ་8ཚེས་3ཉིན་མངའ་རིས་ཀྱི་ལྟེ་བ་སྒར་ཐོག(ད་ཆའི་སྒར་རྫོང)ཏུ་རྒྱལ་ཁའི་ངང་བཅའ་སྡོད་བྱས་པ་དང་མངའ་རིས་ས་ཁོངས་ཡོངས་སུ་ཞི་བའི་བཅིངས་འགྲོལ་བཏང་བ་ཁྱབ་བསྒྲགས་བྱས་པ་རེད།
“མི་གཅིག་ལས་མ་ལྷག་ཀྱང་དར་དམར་སྒར་ཐོག་ཏུ་འཛུགས་དགོས”ཞེས་སྔོན་སྐྱོད་ལེན་ཤོག་གིས་རྡོག་ཐོན་བྱེད་སྐབས་ཀྱི་དམ་བཅའ་མངོན་འགྱུར་བྱུང་ཡོད།
མེས་རྒྱལ་གྱིས་ནམ་ཡང་བརྗེད་མི་སྲིད། 2019ལོའི་ཟླ་10ཚེས་1ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་དམག་གཟིགས་མཛད་སྒོའི་ཐོག“བོད་སྐྱོད་སྔོན་སྐྱོད་ཀྱི་དཔའ་བོའི་ལེན་ཤོག”གི་དར་ཆ་དེ་དམག་དར་རུ་སྟར་གྲུ་བཞིའི་ཁྲོད་བསྒྲེངས་ནས་གནམ་བདེ་སྒོ་མོ་ཆེ་བརྒྱུད་ཏང་དང་མི་དམངས་ཀྱི་གཟིགས་ཞིབ་དང་ལེན་བྱས་པ་རེད།
“གུང་ཁྲན་ཏང་མེད་ན་ང་ཚོའི་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡོང་མི་སྲིད”ཅེས་སྒེར་རྩེ་རྫོང་ཤན་ཆེན་ཤང་གི་ལོ་48ལ་སླེབས་པའི་ཏང་ཡོན་དགྲ་ཚེས་དེ་ལྟར་བརྗོད། ཁོང་གི་ཨ་ཕས་དེ་སྔ་སྔོན་སྐྱོད་ལེན་ཤོག་ལ་དངོས་ཟོག་སྐྱེལ་མྱོང་ཡོད་པས། མི་དམངས་དམག་དཔུང་དེས་མངའ་རིས་བཅིངས་འགྲོལ་གཏོང་ཆེད་བློས་གཏོང་ཆེན་པོ་བྱས་པ་མིག་མཐོང་ལག་ཟིན་བྱུང་ཡོད།
དེ་སྔའི་གྲ་མ་མང་པོ་དང་ད་ཆའི་ཤན་ཆེན་ཤང་གི་འབྲོག་པའི་འཚོ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་འགྲོ་བཞིན་ཡོད་པ་སྟེ། སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་དང་རིགས་ཁག་གི་སློབ་མ་སློབ་གྲྭར་ཕྱིར་ལོག་བྱེད་ཚད་100%ཟིན་པ་དང་། ཞིང་འབྲོག་པའི་མཉམ་ལས་སྨན་བཅོས་ཁྱབ་ཚད་100%ཟིན་པ། གཅོང་ནད་གན་འཇོག་ཞབས་ཞུ་ཁྱབ་ཚད་100%ཟིན་པ། རྒན་གསོ་འགན་བཅོལ་གྱི་གྲོན་དངུལ་འཇལ་ཚད་100%ཟིན་པ་སོགས་ཧ་ཅང་མང་།
མི་321ལས་མེད་པའི་ཤན་ཆེན་ཤང་བྲག་ཕུག་གྲོང་ཚོར་ན་ནིང་མཉམ་ལས་ཁང་གི་དཔལ་འབྱོར་ཡོང་འབབ་ཁོ་ན་སྒོར་ཁྲི་180ལྷག་ཙམ་ཟིན་ཡོད།
འགན་འཁུར་རྩོམ་སྒྲིག་པ། 次旦多吉
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣