འདི་ལོ་ཚུན་དུ། ལྷ་ས་གྲོང་ཁྱེར་གྲོང་གསེབ་དར་རྒྱས་ཅུས་ཀྱིས་འགོ་འཛུགས་ས་གསར་པར་གཞིས་ཚུགས་པ་དང་འགན་འཁྲི་གསར་པ་འཁུར་ཕོད་པར་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་ལས་དོན་ཁག་ཏན་ཏིག་སྒྲུབ་པ་དང་། བྱེད་ཐབས་དེ་བས་ནུས་ལྡན་དང་སྟོབས་ཤུགས་དེ་བས་ཆེ་བའི་སྒོ་ནས་ཞིང་ལས་སྤུས་ཚད་མཐོ་བ་དང་ལས་ཕྱོད་ཆེ་བ་དང་། གྲོང་གསེབ་སྡོད་མལ་དང་ལས་གཉེར་ལ་འཚམ་པ། ཞིང་འབྲོག་པ་ཕྱུག་འགྱུར་ཡོང་བ་བཅས་ལ་སྐུལ་འདེད་བཏང་བ་རེད།
དབུལ་སྒྲོལ་གྱི་ཕན་འབྲས་རྒྱུན་མཐུད་སྲ་བརྟན་དང་ཆེ་རུ་བཏང་བ།
ལྷ་ས་གྲོང་ཁྱེར་གྲོང་གསེབ་དར་རྒྱས་ཅུས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ་དེ་ལས་འགན་ཨང་དང་པོར་བརྩིས་ནས་གཞི་ཁྱོན་ཆེ་བའི་དབུལ་པོ་བསྐྱར་ལོག་མི་ཡོང་བའི་མཐའ་ཚད་བརྟན་སྲུང་བྱས་ཤིང་། དབུལ་པོ་བསྐྱར་ལོག་མི་ཡོང་བའི་སྟབས་བསྟུན་ལྟ་ཞིབ་ཚད་ལེན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་ཀའི་ལམ་སྲོལ་དང་། ལྟ་ཞིབ་ཚད་ལེན་བྱ་ཡུལ་དང་ཁྱབ་ཁོངས། ལྟ་ཞིབ་ཚད་ལེན་གྱི་གོ་རིམ་བཅས་འཐུས་སྒོ་ཚང་དུ་བཏང་ནས་སྔ་ཙམ་ཤེས་རྟོགས་དང་། སྔ་ཙམ་ཐེ་གཏོགས། སྔ་ཙམ་རོགས་སྐྱོར་བཅས་བྱས་པ་རེད། ཟླ་7ཚེས་2ཉིན་བར་ལྷ་ས་གྲོང་ཁྱེར་གྱིས་རིམ་རྩིས་བྱས་ན། དབུལ་སྒྲོལ་བརྟན་པོ་མ་བྱུང་བའི་དུད་ཚང་དང་། མཐར་ལུས་ཀྱི་དབུལ་པོར་འགྱུར་སླ་བའི་དུད་ཚང་། ཐོལ་བྱུང་གི་དཀའ་ངལ་ཚབས་ཆེན་ཡོད་པའི་དུད་ཚང་305ཡི་མི་1226དབྱེ་འབྱེད་གཏན་འཁེལ་བྱས་པ་དང་། སྔོན་ཚུད་ནས་ཉེན་བརྡ་དང་ལྟ་ཞིབ་ཚད་ལེན་གྱི་རྩིས་ཐོ་བཟོ་བ་དང་གནད་སྨིན་རོགས་སྐྱོར་བྱས་ནས་དབུལ་པོར་གྱུར་པ་དང་དབུལ་པོ་བསྐྱར་ལོག་གི་ཉེན་ཁ་ཡོད་པའི་དུད་ཚང་183གྱི་མི་734ཡི་དཀའ་ངལ་བསལ་བ་རེད།
ཉེ་བའི་ལོ་ཤས་རིང་། སྟག་གདོང་གྲོང་ཚོས་གྲོང་གསེབ་ཀྱི་ཡུལ་སྐོར་རིམ་སྤོར་ལས་གྲྭའི་རྣམ་གྲངས་སྐྲུན་འགོ་བཙུགས་ནས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སུ་བཏང་བ་དང་། “ཐོན་ལས་དར་རྒྱས་དང་། སྐྱེ་ཁམས་སྡོད་མལ་ལ་འཚམ་པ། ཡུལ་སྲོལ་ཡ་རབས། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག”བཅས་ཀྱི་དམིགས་ཚད་ལ་དམ་པོར་དམིགས་ནས་གྲོང་གསེབ་དར་རྒྱས་ཀྱི་བོད་ཀྱི་དཔེ་མཚོན་ཞིག་བཏོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ལྷ་ས་གྲོང་ཁྱེར་གྱིས་ཐོན་ལས་རྣམ་གྲངས་ལག་བསྟར་བྱས་ནས་ཁེ་སྤོགས་མ་དངུལ་སྒོར་ཁྲི་3397ལྷག་ཙམ་དོན་འཁྱོལ་བྱས་པ་དང་། མི་3626བསྡུས་པར་གླ་ཕོགས་ཀྱི་ཡོང་འབབ་སྒོར་ཁྲི་1844རག་པ་རེད། དེ་དང་ཆབས་ཅིག་ལྷ་ས་གྲོང་ཁྱེར་གྲོང་གསེབ་དར་རྒྱས་ཅུས་ཀྱིས་འཛད་སྤྱོད་རོགས་སྐྱོར་བྱེད་སྟངས་གསར་གཏོད་བྱས་ནས་བླང་བྱ་དང་འཚམ་པའི་ཁེ་ལས་དང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དེ་བས་མང་བ་འཛད་སྤྱོད་རོགས་སྐྱོར་ཐོན་རྫས་ཀྱི་རེ་འདུན་ཞུ་བར་སྒྲིག་འཛུགས་དང་སྐུལ་སློང་བྱས་ཤིང་། མིག་སྔར་ལྷ་ས་གྲོང་ཁྱེར་གྱི་འཛད་སྤྱོད་རོགས་སྐྱོར་ཐོན་རྫས་ཕྱིར་ཚོང་གྲངས་འབོར་རིམ་རྩིས་བྱས་ན་སྒོར་ཁྲི་4156.36ཟིན་ཡོད།
མཛེས་སྡུག་ལྡན་པ་དང་སྡོད་མལ་ལ་འཚམ་པའི་གྲོང་གསེབ་མུ་མཐུད་བསྐྲུན་པ།
ཆུ་ཤུར་རྫོང་གནམ་ཤང་ལྗང་གྲོང་ཚོར་སྐྱོད་སྐབས་ས་ཆ་གཙང་ཞིང་དང་། ཐོག་ཁང་གྲལ་སྟར་འགྲིག་པ། ཞི་མཐུན་དང་མཛེས་སྡུག་ལྡན་པའི་རྣམ་པ་བཅས་རི་མོ་ལྟར་མིག་ལམ་དུ་མངོན།
ལྗང་གྲོང་ཚོའི་ཧྲུའུ་ཅི་དང་པོ་པ་སངས་ཚེ་རིང་གིས་གསར་འགོད་པར“2019ལོའི་ཟླ་8པ་ནས་བཟུང་ལྗང་གྲོང་ཚོའི‘གསང་སྤྱོད་གསར་བརྗེ’འགོ་བཙུགས་པ་དང་2020ལོའི་ཟླ་8པར་གསང་སྤྱོད་ཚང་མ་སྒྱུར་བཀོད་བྱས་ཟིན། གྲོང་མིའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་ཆེད་ད་དུང་ཐང་ཆེན་གཉིས་བསྐྲུན་ནས་གཙོ་བོ་གཞོན་ནུ་ལོ་ཆུང་གི་ལུས་རྩལ་དང་རྒན་རྒོན་གྱི་ལུས་སྦྱོང་ལ་སྤྱོད་ཀྱི་ཡོད”ཅེས་བཤད།
དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་སྦྲེལ་མཐུད་ནུས་ལྡན་བྱ་ཆེད། ལྷ་ས་གྲོང་ཁྱེར་གྲོང་གསེབ་དར་རྒྱས་ཅུས་ཀྱིས་གྲོང་གསེབ་ཀྱི་གསང་སྤྱོད་གསར་བརྗེར་སྐུལ་འདེད་ཤུགས་ཆེན་བཏང་བ་དང་གྲོང་གསེབ་ཀྱི་གསང་སྤྱོད་ཀྱི་གནས་ཚུལ་ཕྱོགས་ཡོངས་ནས་གསལ་པོ་རྟོགས་པར་བྱས་ཏེ། གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་དང་མཉམ་དུ《ལྷ་ས་གྲོང་ཁྱེར་གྱི་གྲོང་གསེབ་ཀྱི་གསང་སྤྱོད་གནད་དོན་མཐིལ་རྟོགས་གྲལ་བཤེར་གྱི་ལས་ཀའི་ཇུས་གཞི》བཟོས་ནས་ལས་དོན་སྤེལ་ཚུལ་ལ་རྗེས་སྙེགས་དང་། དུས་ཐོག་ཏུ་གནད་དོན་ཤེས་རྟོགས་དང་ཐག་གཅོད། མང་ཚོགས་ཀྱི་འཚོ་བ་ནུས་ཤུགས་ཡོད་རྒུས་ལེགས་སུ་གཏོང་བ་བཅས་བྱས་ནས། མཛེས་སྡུག་ལྡན་པ་དང་སྡོད་མལ་ལ་འཚམ་པའི་གྲོང་གསེབ་ཅིག་བསྐྲུན་པ་རེད།
ཏང་འཛུགས་སྐྱོང་ཁྲིད་སྟོན་དུ་བྱས་ནས་བསམ་བློའི་རྨང་གཞི་བརྟན་དུ་བཏང་བ།
ཀྲུང་དབྱང་དང་། རང་སྐྱོང་ལྗོངས། ལྷ་ས་གྲོང་ཁྱེར་བཅས་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ལྷ་ས་གྲོང་ཁྱེར་གྲོང་གསེབ་དར་རྒྱས་ཅུས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་། “དེ་བས་གསུམ”གྱི་ཆེད་དོན་སློབ་གསོ། “གསར་པ་གསུམ”གྱི་སློབ་སྦྱོང་ཆེ་མོ་དང་གྲོས་བསྡུར་ཆེ་མོའི་བྱེད་སྒོ་བཅས་གཏིང་ཟབ་སྤེལ་ཏེ་ནམ་རྒྱུན་སློབ་སྦྱོང་སློབ་གསོར་དམ་འཛིན་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ལས་བྱེད་པའི་བསམ་བློའི་རྨང་གཞི་བརྟན་དུ་བཏང་བ་རེད།
སློབ་སྦྱོང་གི་ཕན་འབྲས་ཆེ་རུ་གཏོང་ཆེད། ལྷ་ས་གྲོང་ཁྱེར་གྲོང་གསེབ་དར་རྒྱས་ཅུས་ཀྱིས“ངས་དམངས་ལ་བྱ་བ་དངོས་སྒྲུབ”པའི་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ་གཞི་རིམ་དུ་བརྟག་ཞིབ་བྱས་ནས་དཀའ་གནད་སེལ་བ་དང་། དཔྱད་གཞིའི་ཡིག་རིགས་ཀློག་པ། བཞུགས་མོལ་སྤེལ་རེས་བྱེད་པ། ས་གནས་ས་ཐོག་ཏུ་དངོས་སྡོད་ཞིབ་འཇུག་བྱེད་པ། དུད་ཚང་དུ་བཅར་འདྲི་བྱེད་པ་བཅས་ཀྱི་བྱ་ཐབས་བརྒྱུད་གཞི་རིམ་གྱི་དཀའ་གནད་ཤེས་རྟོགས་བྱས་པ་རེད། རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པས་གྲོང་ཚོ་འགན་གཙང་ལེན་པ་དང་དུད་ཚང་ལ་འབྲེལ་གཏུག་བྱེད་པའི་ལམ་སྲོལ་དང་ཟུང་འབྲེལ་བྱས་ཏེ་ཚན་ཁག་གི་ཁོངས་མི་དང་རྫོང་རིམ་པའི་ལས་བྱེད་པས་སྣེ་ཁྲིད་ཀྱི་ལས་དོན་ཚོགས་ཆུང་10བཙུཌ་ནས། རྫོང(ཆུས)ཁག་ཏུ་བརྟག་དཔྱད་ཞིབ་འཇུག་བྱེད་པར་བསྐྱོད་པ་དང་། གྲོང་ཚོ་འགན་གཙང་ལེན་པ་དང་དུད་ཚང་ལ་འབྲེལ་གཏུགས་བྱེད་པའི་རྫོང(ཆུས)གིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་བྱེད་པའི་ལས་དོན་ཁག་སྔར་བས་ཡག་པོ་བསྒྲུབ་པར་ལྟ་སྐུལ་མཛུབ་ཁྲིད་བྱས་པ་རེད།