དར་རྒྱས་རྡོ་རྗེ། སྐྱེས་པ། བོད་རིགས། 1959ལོའི་ཟླ་10པར་སྐྱེས། ཀྲུང་གུང་ཏང་ཡོན། སྐུ་འཚོ་བཞུགས་སྐབས་མངའ་རིས་ས་ཁུལ་མཚོ་ཆེན་རྫོང་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གི་འགན་བཞེས། 2004ལོའི་ཟླ་7ཚེས་1ཉིན་དར་རྒྱས་རྡོ་རྗེས་མཚོ་ཆེན་རྫོང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་83འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྒྲིག་འཛུགས་བྱེད་སྐབས་ངལ་དུབ་ཆེ་དྲགས་ནས་སྙིང་རྩ་འགག་སྟེ་གཞུང་དོན་དུ་རང་སྲོག་ཤོར་བ་དང་། སྐུ་གཤེགས་དུས་ལོ་45ལས་སླེབས་མེད། བློ་མཐུན་དར་རྒྱས་རྡོ་རྗེ་ལས་ཀར་ཞུགས་ནས་བགྲང་བྱ་27སོང་རིང་ཡུན་རིང་གཞི་རིམ་གྱི་སྲིད་ཁྲིམས་འཐབ་ཕྱོགས་སུ་འབད་འཐབ་བྱས་ནས་ལང་ཚོ་དང་ཚེ་སྲོག་དགའ་ཞེན་ཆེ་བའི་སྲིད་ཁྲིམས་བྱ་གཞག་ལ་ཕུལ།
དར་རྒྱས་རྡོ་རྗེས་མཚོ་ཆེན་རྫོང་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གི་འགན་འཁུར་སྐབས། ཁོང་གིས་ཕྱོགས་གཅིག་ནས་འདྲི་གཅོད་ལས་དོན་དང་དཔུང་ཁག་འཛུགས་སྐྱོང་ལ་དམ་འཛིན་དང་། ཕྱོགས་གཞན་ཞིག་ནས་སྒྲིག་བཀོད་འཛུགས་སྐྲུན་ལ་དམ་འཛིན་བྱས་པས་ཁྲིམས་ཁང་ཡོངས་ཀྱི་བློ་མཐུན་ཕྱེད་ཀ་ཡན་ལ་ཆེད་ཚན་སློབ་གྲྭའི་ཡོན་ཚད་ཐོབ་པ་དང་། ལས་བྱེད་པ་དང་ཉེན་རྟོག་པ་མང་ཆེ་བས་རྩིས་འཁོར་བཀོལ་སྤྱོད་རྩལ་ནུས་ཁོང་དུ་ཆུད་པ། མ་དངུལ་བརྩོན་ལེན་བྱས་ནས་འདྲི་གཅོད་ཕྱོགས་བསྡུས་ཐོག་བརྩེགས་ཁང་ཆེན་བསྐྲུན་པ་བཅས་བྱས་སྟབས། ཁྲིམས་ཁང་ཡོངས་ཀྱི་ལས་བྱེད་པ་དང་ཉེན་རྟོག་པའི་ལས་གཅེས་སྙིང་སྟོབས་ཧ་ཅང་ཆེ་རུ་ཕྱིན་པ་དང་ལས་ཀའི་འཇོན་ཐང་ཀྱང་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། དར་རྒྱས་རྡོ་རྗེས་མཚོ་ཆེན་རྫོང་ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པའི་སྣེ་ཁྲིད་དེ་གཞུང་དྲང་ཁྲིམས་འཛིན་དང་དྲང་གཞག་ངང་གྱོད་སྒྲུབ་མཐའ་འཁྱོངས་བྱས་ནས། གྱོད་གཞི་280ལྷག་ཙམ་ལ་འདྲི་ཞིབ་བྱས་ཀྱང་མ་ཉེས་ཁག་གཡོགས་ཀྱི་གྱོད་གཞི་གཅིག་ཀྱང་ཐོན་མེད། མཚོ་ཆེན་རྫོང་ཁྲིམས་ཁང་དེ་ཕྱོགས་གང་ཅིའི་ཐད་ཀྱི་ཆ་རྐྱེན་དེ་ཙམ་མེད་པའི་རྗེས་ལུས་ཁྲིམས་ཁང་ནས་མངའ་རིས་ས་ཁུལ་གྱི་སྔོན་ཐོན་ཁྲིམས་ཁང་དུ་གྱུར།
མཚོ་ཆེན་རྫོང་གྲོང་ནས་ས་ཐག་སྤྱི་ལེ་50ལྷག་ཙམ་ཆོད་པའི་མེ་ཏོག་གྲོང་ཚོ་གཉིས་པ་ནི་དར་རྒྱས་རྡོ་རྗེའི་དབུལ་སྐྱོར་འབྲེལ་གཏུག་བྱ་ཡུལ་ཡིན། ཁོང་གིས་བརྟག་དཔྱད་བྱེད་རིང་གྲོང་ཚོ་དེའི་གྲོང་མིའི་གནས་ཡུལ་ལྷ་ས་ནས་སེང་གེ་ཁ་འབབ་བར་གྱི་གཞུང་ལམ་གྱི་ལམ་རྒྱུད་དུ་གནས་པ་ཤེས་ཡོད། འོན་ཀྱང་གྲོང་མིའི་ཁྲོམ་རའི་འདུ་ཤེས་ཞན་པ་དང་སྒུག་རྟེན་སློང་གསུམ་གྱི་བསམ་བློ་ཚབས་ཆེ་བར་བརྟེན་ཁོང་གིས་མང་ཚོགས་སྒྲིག་འཛུགས་བྱས་ནས་སྣེ་ལེན་ཁང་དང་ཇ་ཁང་བཙུགས། ལོ་དེ་རང་དུ་ཁེ་བཟང་སྒོར་ཁྲི་2.5རག་ཡོད། མེ་ཏོག་གྲོང་ཚོའི་འབྲོག་པ་མགྱོགས་མྱུར་དབུལ་སྒྲོལ་ཐུབ་རོགས་བྱ་ཆེད། ཁོང་གིས་གོང་རིམ་ལ་སྙན་སེང་ཧུར་ཐག་ཞུས་ནས་ལྷ་ས་ནས་སེང་གེ་ཁ་འབབ་བར་གྱི་རྐྱང་ཧྲེང་ཤང་ཁོངས་ཀྱི་སྤྱི་ལེ་60ཙམ་གྱི་གཞུང་ལམ་བདག་སྐྱོང་རྣམ་གྲངས་བརྩོན་ལེན་བྱས། ལྷས་རའི་ནང་གྲོང་མིའི་ཚོགས་ཆེན་འཚོགས་པ་མཐོང་སྐབས་སེམས་སྡུག་ཚད་མེད་བྱུང་ཞིང་། ལྷས་རའི་ནང་རིལ་མ་ཕུད། ལྷགས་པ་བཀག་མཁན་གྱི་གྱང་མཐོ་པོ་ཞིག་ཀྱང་མེད་པས་ཉི་སྲེག་ཆར་རྡུང་གཟེད་རྒྱུ་རང་རེད། ཁོང་གིས་མེ་ཏོག་གྲོང་ཚོར་ཚོགས་ཁང་ཞིག་བསྐྲུན་རྒྱུའི་འདུན་པ་ཡིད་ལ་ཤར་ནས་མ་དངུལ་བརྩོན་ལེན་བྱས་ཏེ། མེ་ཏོག་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་ལ་ཁང་མིག་5བསྐྲུན་ཡོད། གྲོང་ཚོ་ཨུ་ལྷན་གྱི་ཁང་པ་བསྐྲུན་ཆེད་དར་རྒྱས་རྡོ་རྗེས་མང་ཚོགས་དང་མཉམ་དུ་ས་རྡོའི་ལས་ལ་ཞུགས། མང་ཚོགས་ཚོས“ད་ཆ་གྲོང་ཚོ་ཨུ་ལྷན་གྱི་ཁང་པ་གྲོང་ཁྱེར་ནང་གི་ཁང་པ་དང་འདྲ་པོ་ཡོད། ང་ཚོ་ཚེ་གང་ཁང་པ་ཡག་པོ་འདི་འདྲའི་ནང་སྡོད་མྱོང་མེད། ཁང་པ་འདི་ནི་ཁོང་གིས་ང་ཚོར་བཞག་གནང་བས་ང་ཚོས་བདག་གཅེས་ཡག་པོ་བྱེད་ཀྱི་ཡིན”ཞེས་བཤད།
ཁོང་གིས་མཚོ་ཆེན་རྫོང་དུ་ལས་ཀ་བྱེད་རིང་མང་ཚོགས་ལ་སྒོར་ཁྲི་ཁ་ཤས་ཞལ་འདེབས་བརྒྱབ་ཡོད། དེ་དུས་ཁོང་ལ་ཟླ་རེར་གླ་ཕོགས་སྒོར་3000ལྷག་ཙམ་ལས་ལེན་རྒྱུ་མེད། ད་དུང་ཕྲུ་གུ་གཉིས་སློབ་གྲྭར་གཏོང་དགོས་པའི་ཁར། བཟའ་ཟླར་ཡང་ལས་ཀ་མེད། དར་རྒྱས་རྡོ་རྗེའི་སྐོར་གླེང་སྐབས་ཁོང་གི་བཟའ་ཟླས་མིག་ཆུ་གཏོང་བཞིན“ཁོང་ལ་གྱོན་གོས་ངོ་དྲག་པ་ཞིག་ཀྱང་མཐོང་རྒྱུ་མེད། མགྱོགས་པོ་དེ་འདྲ་མི་ཡུལ་ནས་ཁ་བྲལ་དོན་གང་ཡིན་ནམ། ཁོང་གི་ཁྱིམ་དུ་ཁྱིམ་ཆས་ངོ་དྲག་པ་གཅིག་ཀྱང་མེད། ཅ་དངོས་འདི་དག་ནི་ཁོང་དགེ་རྒྱས་རྫོང་ནས་མཚོ་ཆེན་རྫོང་དུ་ལས་སྒྱུར་བྱེད་སྐབས་སྤྱོད་མྱོང་བའི་བོད་བཟོའི་ཁྱིམ་ཆས་རྙིང་པ་ཤ་སྟག་རེད། ཁོང་རང་ཉིད་ལ་ཁྲིམས་དཔོན་གྱི་གྱོན་ཆས་ཕུད། རྒྱུན་དུ་གོང་ཁེ་བའི་སྐྱ་མདོག་གི་ཕྱི་ལུགས་གྱོན་ཆས་ཤིག་དང་ཀོ་ལྷམ་ནག་པོ་ཆ་གཅིག་ལས་མེད། ཁོང་གྲོངས་སྐབས་ནང་མི་ཚོར་བཞག་པ་ནི་ཟླ་བ་དེ་རང་གི་གླ་ཆ་ཡིན་ཞིང་། ཁོང་གིས་གྲོན་ཆུང་བསྲི་ཚགས་བྱས་པའི་དངུལ་ཚང་མ་འབྲོག་པ་མང་ཚོགས་ལ་བཏང་ཡོད”ཅེས་བཤད།
དར་རྒྱས་རྡོ་རྗེས་ཐོག་མཐའ་བར་གསུམ་དུ་ཏང་གི་དམིགས་ཡུལ་བློ་ལ་བརྟན་པོར་བཅངས་ནས་མི་དམངས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་། མི་དམངས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ། གནས་གཅེས་ལས་བརྩོན་བཅས་བྱས་ཏེ་སྤྱིར་བཏང་གི་ལས་གནས་ཐོག་སྤྱིར་བཏང་མིན་པའི་བྱས་རྗེས་བཞག་ཡོད། 2005ལོའི་ཟླ་9ཚེས་22ཉིན་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཁོང་ལ“རྒྱལ་ཡོངས་ཀྱི་དཔེ་བཟང་ཁྲིམས་དཔོན”གྱི་མཚན་སྙན་རྗེས་སྤྲོད་གནང་བ་དང་། ལོ་དེའི་ཟླ་12ཚེས་13ཉིན་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས《བློ་མཐུན་དར་རྒྱས་རྡོ་རྗེར་སློབ་སྦྱོང་བྱེད་པའི་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་གཏན་འབེབས》བྱས་པ། བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས“རྒྱལ་ཡོངས་ཀྱི་དཔེ་བཟང་ཁྲིམས་དཔོན”དར་རྒྱས་རྡོ་རྗེའི་སྔོན་ཐོན་བྱས་རྗེས་སྙན་ཞུའི་ཚོགས་པ་བཙུགས་ཏེ་བོད་ཀྱི་ས་གནས་ཁག་ཏུ་སྐོར་སྐྱོད་སྒྲོག་འགྲེལ་བྱས་པ་རེད།