སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་བྱེད་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་སྦྲེལ་མཐུད་ནུས་ལྡན་བྱ་རྒྱུར་སྐུལ་འདེད་གཏོང་བ། མང་ཚོགས་ཀྱིས་ཡོངས་ཁྱབ་ངང་དོ་སྣང་བྱེད་པའི་དམངས་འཚོའི་གནད་དོན་ལ་དེ་བས་དམིགས་པ། ལས་ཞུགས་དང་། སློབ་གསོ། སྤྱི་ཚོགས་འགན་སྲུང་། སྨན་བཅོས། རྒན་གསོ། བུ་བཅོལ། སྡོད་ཁང་སོགས་དམངས་འཚོའི་བྱ་བ་དངོས་ཡག་པོ་སྒྲུབ་པ། བྱ་བ་རེ་རེ་བཞིན་དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དེ་བས་མང་དུ་གཏོང་བ་དང་། སྐྱིད་སྣང་དེ་བས་ཡུན་རིང་འཁྱོལ་བ། བདེ་འཇགས་ཚོར་སྣང་དེ་བས་འགན་ལེན་ཡོད་པ་བཅས་བྱེད་དགོས་པའི་ནན་བཤད་གནང་ཡོད།
ཉེ་དུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཇི་ལྟར་བྱེད་དགོས་པའི་ཐད་གསར་འགོད་པས་རང་སྐྱོང་ལྗོངས་དམངས་སྲིད་ཐིང་གི་ཏང་ཙུའི་ཧྲུའུ་ཅི་སྤེན་པར་ཆེད་དོན་བཅར་འདྲི་བྱས་པ་ཡིན།
“སྤྱི་ཁྱབ་ཧྲུའུ་ཅིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་མཐོ་གཟིགས་འོག་བསྐྱངས་དང་། སྤྱི་ཡོངས་སྟངས་འཛིན། དགོངས་དོན་གཏིང་ཟབ་པ། ནང་དོན་ཕུན་སུམ་ཚོགས་པ་ཞིག་ཡོད། དེའི་ནང་བོད་ཀྱིས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་བཅས་ཀྱི་འབད་འབུངས་ཡར་བརྩོན་གྱི་འཆར་གཞི་བཀོད་གནང་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་རེ་ཟབ་མོ་དེ་ལྗོངས་ཡོངས་ཀྱི་དམངས་སྲིད་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་ཆབ་སྲིད་ཀྱི་སྒུལ་ཤུགས་དང་། བསམ་པའི་སྒུལ་ཤུགས། ལས་ཀའི་སྒུལ་ཤུགས་བཅས་ཆེན་པོ་ཞིག་ཏུ་འགྱུར་བ་བྱེད་ཀྱི་ཡིན”ཞེས་སྤེན་པས་གསར་འགོད་པར་བརྗོད་བྱུང་།
དམངས་སྲིད་ལས་དོན་དེ་དམངས་འཚོ་དང་དམངས་སེམས་དང་འབྲེལ་བ་ཡོད། སྤེན་པས“ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅིས་ཐོག་མཐའ་བར་གསུམ་དུ་བོད་ལ་ཐུགས་ཁུར་ཟབ་བཞེས་གནང་ནས། སྐུ་ངོ་མས་བོད་ཀྱི་ལས་དོན་ལ་ཁ་སྒྱུར་ཕྱོགས་སྟོན་དང་འཐབ་འགོད་ཇུས་འདོན་གནང་བ་དང་། སྐུ་ངོ་མས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་བདུན་པ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ། མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་སྟེ། ང་ཚོས་བོད་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་བ་དང་། རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་བ། སྒུལ་ཤུགས་ཆེན་པོ་བསྣན་གནང་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱབ་སྐྱོར་ཤུགས་ཆེན་དང་། དམངས་སྲིད་པུའི་མཛུབ་ཁྲིད་ཞིབ་ཚགས་དང་རོགས་རམ་ཤུགས་ཆེན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་བཅས་ཀྱི་འོག བོད་ཀྱི་དམངས་སྲིད་བྱ་གཞག་གིས‘གཅིག་སྡུད་གསུམ’དང‘གཞི་རྩ་གསུམ’གྱི་འགན་འཁྲིའི་ངེས་གནས་ལ་དམ་པོར་དམིགས་ནས། དབུལ་སྒྲོལ་འགག་སྒྲོལ་དང་། སྤྱི་ཚོགས་རོགས་སྐྱོབ། སྤྱི་ཚོགས་ཞབས་ཞུ། སྤྱི་ཚོགས་རྩ་འཛུགས་དོ་དམ། ཞབས་ཞུའི་ནུས་པ་འཛུགས་སྐྱོང་སོགས་དམངས་སྲིད་ལས་དོན་ཁག་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བས། དམངས་སྲིད་བྱ་གཞག་འཕེལ་རྒྱས་ལ་ཕན་འབྲས་གསར་པ་ཐོན་ཡོད། མིག་སྔའི་བར་ལྗོངས་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཁྲི་11.4ཐ་སྐྱོང་འགན་ལེན་བྱེད་ཁོངས་སུ་བཅུག་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི་དེ་2015ལོའི་མི་རེར་ཟླ་རེར་སྒོར་590དང་མི་རེར་ལོ་རེར་སྒོར་2350ནས་2021ལོའི་སྒོར་910དང་སྒོར་5060བར་སོ་སོར་མཐོ་རུ་བཏང་བ་དང་། གཅིག་སྡུད་བསྙེན་བཀུར་དང་གྲོང་ཁྱེར་གྱི་ཁ་ཐོར་བསྙེན་བཀུར་བྱེད་པའི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཞི་རྩའི་འཚོ་བའི་ཚད་གཞི་དེ་མི་རེར་ལོ་རེར་སྒོར་14196བར་མཐོ་རུ་བཏང་བ། གྲོང་གསེབ་ཀྱི་ཁ་ཐོར་བསྙེན་བཀུར་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཞི་རྩའི་འཚོ་བའི་ཚད་གཞི་དེ་མི་རེར་ལོ་རེར་སྒོར་7590བར་མཐོ་རུ་བཏང་ཡོད”ཅེས་བརྗོད་བྱུང་།
སྤེན་པས། གོམ་སྟབས་རྗེས་མའི་ལས་དོན་ཁྲོད། ལྗོངས་ཡོངས་ཀྱི་དམངས་སྲིད་ཁོངས་གཏོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དམངས་འཚོ་དམངས་སྲིད་ལས་དོན་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དེ་བྱ་སྤྱོད་ཀྱི་ཕྱོགས་སྟོན་ལ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་སྤྱིའི་བླང་བྱ་དང་སྤྱིའི་འཆར་འགོད་ལ་དམ་པོར་དམིགས་པ་བཅས་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་ལྗོངས་ཡོངས་ཀྱི་དམངས་སྲིད་བྱ་གཞག་འཕེལ་རྒྱས་ཀྱི་འཆར་འགོད་བཟོ་བ་དང་། དམངས་སྲིད་ཞབས་ཞུ་མཁོ་སྤྲོད་བྱེད་སྟངས་ལ་འགྱུར་ལྡོག་གཏོང་བ། “གློད་སྡོམ་ཞབས་གསུམ”སྒྱུར་བཅོས་ཟབ་ཏུ་གཏོང་བ། དམངས་སྲིད་ཞབས་ཞུ་དོ་དམ་གྱི་ནུས་ཆོད་ཆེ་རུ་གཏོང་བ། དམངས་སྲིད་བྱ་གཞག་གི་སྒྲིག་སྲོལ་ལམ་སྲོལ་གསར་གཏོད་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་བསྐྲུན་རྒྱུར་རམ་འདེགས་བྱེད་ཀྱི་ཡིན་ཞེས་བརྗོད་བྱུང་།