བྱང་ཐང་ས་གཞི་ཆེ་མོའི་སྟེང་གི་དཔའ་བོར་བསྟོད་པའི་གླུ།
འདི་ནི་ལོ་རྒྱུས་ཀྱི་ཡུལ་དུས་ལས་བརྒལ་བའི་ཞབས་རྗེས་འདེད་པའི་ཤུལ་ལམ་རིང་མོ་ཞིག་རེད།
1950ལོའི་སྟོན་ཁར་མི་136ཡོད་པའི་དཔུང་སྡེ་ཞིག་ཁ་བས་བཏུམས་པའི་བྱང་ཐང་བརྒྱུད་ནས་དཀའ་ཚེགས་ཆེན་པོས་བསྐྱོད།
འདི་ནི་ཏང་ལ་བློ་དཀར་སེམས་དཀར་དང་འགན་འཁྲི་སྒྲུབ་ཆེད་རང་སྲོག་བློས་གཏོང་ཕོད་པའི་དཔུང་སྡེ་ཞིག་རེད། མི་དམངས་བཅིངས་འགྲོལ་དམག་གི“ལམ་མང་པོ་ནས་དཔུང་སྐྱོད་བྱས་ཏེ་བོད་བཅིངས་འགྲོལ་གཏོང་བའི”རླབས་ཆེན་དཔུང་སྐྱོད་ཁྲོད་ཁོང་ཚོས“བོད་བྱང་ཐང་བརྒྱུད་ནས་བསྐྱོད་དེ་མངའ་རིས་བཅིངས་འགྲོལ་གཏོང་བའི”ལས་འགན་ལྕི་པོ་འཁུར་ཡོད།
འདི་ནི་བློ་བརྟན་འགྱུར་མེད་དང་དཀའ་ཉེན་ལ་མི་སྐྲག་པའི་དཔུང་སྡེ་ཞིག་རེད། “མངའ་རིས་སུ་དཔུང་སྐྱོད་བྱེད་པར་རྒྱང་སྐྱོད་ལས་དཀའ་ཚེགས་ཆུང་བ་མེད”ཅིང་། ས་བབ་མཐོ་ཚད་སྨི་5000ཡན་གྱི་གངས་ཀླུང་བརྒལ་བ་དང་། ས་བབ་མཐོ་ཚད་སྨི་6400ལྷག་ཙམ་གྱི་ཁུ་ནུ་རི་བོ་དང་སྨི་7600ལྷག་ཙམ་གྱི་གངས་ཏི་སི་སྒྲོལ་བ་ནི་རང་རེའི་དམག་དཔུང་གི་ལོ་རྒྱུས་ཐོག་དཀའ་ཚེགས་ཆེ་ཤོས་ཀྱི་དཔུང་སྐྱོད་ཅིག་རེད།
འདི་ནི་དད་སེམས་བརྟན་ཞིང་ཡིད་ཆེས་ཀྱི་བསམ་པ་འགྱུར་བ་མེད་པའི་དཔུང་སྡེ་ཞིག་རེད། ཁ་བས་རི་རྒྱ་བསྡམས་པ་དང་། ས་བབ་མཐོ་ཞིང་གྲང་ངར་ཆེ་ལ་གསོ་རླུང་དཀོན་པ། རྒྱབ་ཕྱོགས་མཁོ་སྒྲུབ་མཁོ་འདོན་བྱེད་མཚམས་ཆད་པ་བཅས་ཀྱི་དཀའ་ཉེན་གྱི་གནས་སུ་གྱར་ཡང་། ཁོང་ཚོས་སྒྲིག་ཁྲིམས་ནན་པོ་བསྲུངས་ནས་མང་ཚོགས་ཀྱི་ས་ནས་ཁབ་སྐུད་པ་ཙམ་ཡང་མ་བླངས་པས་མི་དམངས་མང་ཚོགས་དང་ཉ་ཆུ་ལྟ་བུའི་བརྩེ་སེམས་ཟབ་མོ་ཆགས་ཡོད།
འདི་ནི་བྱས་རྗེས་གཟེངས་སུ་ཐོན་པ་དང་ལོ་རྒྱུས་དེབ་ཐེར་ཐོག་འཁོད་པའི་དཔུང་སྡེ་ཞིག་རེད། 1951ལོའི་ཟླ་1ཚེས་30ཉིན་ནུབ་བྱང་དམག་ཁུལ་ཁང་གིས་ཁོང་ཚོར“བོད་སྐྱོད་དཔའ་བོའི་སྔོན་སྐྱོད་ལེན་ཤོག”གི་མཚན་སྙན་སྤྲད་དེ་ལེན་ཤོག་ཡོངས་ཀྱི་དཔོན་དམག་136ཚང་མར་བྱས་རྗེས་ཆེན་པོ་རེ་བཀོད་ཡོད། འདི་ནི་བཅིངས་འགྲོལ་དམག་བཙུགས་ཚུན་རང་དམག་ནང་གི་གཟི་བརྗིད་མཚན་སྙན་དེ་ཐོབ་པའི་སྒྲིག་གཞི་ཚང་བའི་ལེན་ཤོག་འབའ་ཞིག་དེ་རེད།
1950ལོའི་ཟླ་11པར་མངའ་རིས་སྒར་དཔོན་གྱི་འཐུས་མི་དང་སྔོན་སྐྱོད་ལེན་ཤོག་དབར་ཆབ་སྲིད་ཀྱི་ཞི་བའི་གྲོས་མཐུན་བཞག་པ་དང་། མའོ་ཀྲུའུ་ཞིར“བོད་མི་དམངས་ཀྱིས་ཀྲུང་དབྱང་སྲིད་གཞུང་གི་མི་སེར་བྱེད་འདོད་ཡོད”ཅེས་ཞུ་ཡིག་ཕུལ་བ་རེད། འདི་ནི་བོད་ནས་ཕུལ་བའི་ཀྲུང་དབྱང་ལ་གོང་བཀུར་ཞུ་བའི་ཞུ་ཡིག་དང་པོ་དེ་ཡིན་པ་དང་། དེའི་དོན་སྙིང་མངའ་རིས་བཅིངས་འགྲོལ་བཏང་བ་ལས་ལྷག་པ་ཡོད།
ཀྲུའུ་ཞི་མའོ་ཙེ་ཏུང་གིས་སྔོན་སྐྱོད་ལེན་ཤོག་གི་བྱས་རྗེས་གསན་རྗེས“སྲིད་ན་འགྲན་ཟླ་བྲལ་བའི་དཔའ་བོ”ཞེས་ལན་གསུམ་བསྟུད་མར་འབོད་གནང་བ་རེད།
ཁ་བ་བུ་ཡུག་ལ་མ་འཛེམས་པར་མི་ཡུལ་གྱི་ལམ་བཟང་བསྐྲུན་ཏེ་སྙིང་སྟོབས་ཀྱི་མཛད་རྗེས་རྡོ་རིང་བཙུགས་ཡོད། དེ་སྔ་བོད་དུ་ཡོང་མཁན་སྔོན་སྐྱོད་ལེན་ཤོག་གིས་ཟླ་བ་བདུན་ཏག་ཏག་བཅའ་སྲུང་བྱས་པ་དང་། སྔོན་གཤེགས་དཔའ་བོ་63གྱི་སྐུ་ཕུང་སྦས་པའི་གསར་བརྗེའི་ས་གཞི་སྟེ། སྒེར་རྩེ་རྫོང་གི་སྔོན་སྐྱོད་ཤང་དུ་ད་ཆ་བོད་སྐྱོད་དཔའ་བོའི་སྔོན་སྐྱོད་ལེན་ཤོག་གི་དྲན་གསོ་ཁང་འགྱིང་ངེར་གནས་ཡོད།
མངའ་རིས་སུ་དཔུང་སྐྱོད་བྱས་པ།
དར་དམར་བསྒྲེངས་ནས་ཞིང་བྲན་ལ་བཅིངས་འགྲོལ་བཏང་བ།
1950ལོར་ཏང་ཀྲུང་དབྱང་དང་མའོ་ཀྲུའུ་ཞིའི“བོད་ལ་དཔུང་སྐྱོད་དང་བོད་ལ་བཅིངས་འགྲོལ་གཏོང་བའི”འཐབ་ཇུས་བཀོད་སྒྲིག་ལག་བསྟར་བྱ་ཆེད། ནུབ་བྱང་དམག་ཁུལ་ཁང་གི་ཅུན་ཤོག་གཉིས་པའི་རང་ཚུགས་རྟ་དམག་ཧྲི་ཤོག་གིས་བཀའ་ལྟར་བོད་སྐྱོད་སྔོན་སྐྱོད་ལེན་ཤོག་བཙུགས་པ་རེད། སྡེ་ཚོགས་ཏང་ཨུད་ཀྱི་ཨུ་ཡོན་སྲུང་སྐྱོབ་ཀུའུ་ཀྲང་ལི་ཏི་སན་གྱིས་སྤྱི་ཁྱབ་བཀོད་འདོམས་པ་དང་ཏང་གི་འཐུས་མི་གཅིག་ལྕོགས་ཀྱི་འགན་འཁུར་བ་དང་། ཚའོ་ཧའེ་ལིན་གྱིས་ལེན་ཀྲང་གི་འགན་འཁུར་བ། ལི་ཙི་ཞང་གིས་མཛུབ་ཁྲིད་པའི་འགན་འཁུར་བ། དམག་ཡོངས་ཀྱི་དམིགས་བསལ་དམག་འཐབ་དཔའ་བོ་ཕེང་ཆིང་ཡུན་གྱིས་ལེན་ཀྲང་གཞོན་པའི་འགན་འཁུར་ཡོད།
ཟླ་8ཚེས་1ཉིན་ཤིན་ཅང་ཡུས་ཐེན་གྱི་ཕུའུ་ལུའུ་ཁ་ཙི་ནས་རྒྱ་རིགས་དང་། ཧུད་རིགས། བོད་རིགས། ཡུ་གུར་རིགས། སོག་རིགས། ཞི་པོ་རིགས། ཧ་སག་རིགས་བཅས་མི་རིགས་7གྱི་དཔོན་དམག་ལས་གྲུབ་པའི་སྔོན་སྐྱོད་ལེན་ཤོག་གྲ་སྒྲིག་ཨང་བསར་གྱིས་རྡོག་ཐོན་བྱས།
སྔོན་སྐྱོད་ལེན་ཤོག་གིས་ཁུ་ནུ་རི་བོ་དང་ཁ་ར་ཁུ་ནུ་རི་བོ་བརྒལ་བ་དང་། འཁྱགས་རི་དང་གངས་ཆུ་བཅད་དེ་དཀའ་ཚེགས་ཆེ་བའི་ཡུལ་ལུང་བསྒྲལ་ཡོད། ལམ་བར་དུ་སྐྱེལ་འདྲེན་རུ་ཁག་གི་ཁལ་ཕྱུགས་མང་ཆེ་བ་གངས་ཁྲོད་དུ་འཁྱགས་ཤི་ཐེབས། འཐབ་འཛིང་པ་མང་པོ་ཞིག་གི་མིག་གངས་ཕྱིད་ཐེབས་ནས་དམར་པོར་གྱུར་ཏེ་སྒོ་ངའི་ཆེ་ཆུང་ཙམ་སྐྲངས་ནས་མིག་ཆུ་བར་མི་ཆད་པར་དོན། འཐབ་འཛིང་པ་མི་ཉུང་བ་ཞིག་ལ་ད་དུང་ལ་དུག་ཕོག་ནས་མགོ་ལ་ན་ཟུག་དྲག་པོ་བཏང་།
གསར་བརྗེའི་དམག་མིའི་འགྱུར་མེད་ཀྱི་དད་སེམས་དང་བློ་སྟོབས་ལ་བརྟེན་ནས་ཟླ་8ཚེས་15ཉིན་སྔོན་སྐྱོད་ལེན་ཤོག་གིས་ས་བབ་མཐོ་ཚད་སྨི་5300ཡོད་པའི་སུལ་སྐྱ་རོང་བརྒལ་ནས་བོད་བྱང་ཐང་ས་མཐོར་རྒྱལ་ཁའི་ངང་བསྐྱོད་དེ་ལམ་བཞི་ནས་བོད་སྐྱོད་བྱེད་མཁན་དཔུང་སྡེའི་ཁྲོད་ནས་བོད་དུ་སླེབས་སྔ་ཤོས་ཀྱི་དཔུང་སྡེར་གྱུར།
བོད་བྱང་ཐང་དུ་འབྱོར་རྗེས་སྔོན་སྐྱོད་ལེན་ཤོག་གིས་གོང་རིམ་གྱི“མང་ཚོགས་དང་ཉེ་པོ་བྱེད་པ་དང་། མང་ཚོགས་སྐུལ་སློང་བྱེད་པ། མང་ཚོགས་ལ་མཐུན་སྒྲིལ་བྱེད་པ། ས་གནས་ཀྱི་འགོ་པའི་རྒྱབ་སྐྱོར་བརྩོན་ལེན་བྱེད་པ”བཅས་ཀྱི་མཛུབ་སྟོན་གཞིར་བཟུང་། ཡན་ལག་རུ་ཆུང་20ལྷག་ཙམ་བཏང་ནས་ལམ་བར་དུ་བོད་རིགས་མང་ཚོགས་བཙལ་མཐར་རྡོ་དམར་ནས་འབྲོག་དུད་དང་པོ་དེ་རྙེད་པ་རེད།
ལི་ཏི་སན་གྱིས་ལག་ཏུ་ཁ་བཏགས་འཁྱེར་ནས་ཁོང་ཚོའི་ལག་ནས་འཇུས་ཏེ་བདེ་སྡུག་དྲིས་པ་དང་། ཁོང་ཚོར་ཏང་གི་སྲིད་ཇུས་དྲིལ་བསྒྲགས་བྱས་པ་མ་ཟད། རས་ཆ་དང་། བྱི་རིལ། ཇ་ལོ་བཅས་བཏོན་ནས་ཁོང་ཚོར་སྤྲད། དོགས་པ་དང་འཇིགས་སྣང་མྱུར་དུ་མེད་པར་གྱུར་ཏེ་འབྲོག་པས་སེམས་འགུལ་ཐེབས་བཞིན་དུ“ཤག་པོ། ཡག་པོ་འདུག”ཅེས་བརྗོད།
བཀའ་རྒྱ་གཞིར་བཟུང་། མི་ཁག་གཅིག་རྡོ་དམར་དང་ཆུ་མིག་གཉིས་སུ་སྡོད་པ་ཕུད། ལི་ཏི་སན་གྱིས་དེ་བྱིངས་ཀྱི་མི་103ཁྲིད་དེ་རྡོ་དམར་ཏ་པན་བརྒལ་ནས་ཟླ་10ཚེས་30ཉིན་དགེ་རྒྱས་དང་ཟངས་དཀར་འབྲེལ་མཚམས་ཀྱི་གྲ་མ་མང་པོར་འབྱོར།
སྔོན་སྐྱོད་ལེན་ཤོག་གིས་ཐབས་ཤེས་གང་དྲག་གིས་ལས་སྒྲུབ་བྱས་ཤིང་། ཟླ་ཕྱེད་ལྷག་ཙམ་རིང་ཡན་ལག་རུ་ཁག་གིས་སྒེར་རྩེ་དང་། དགེ་རྒྱས། ཟངས་དཀར་བཅས་སུ་བསྐྱོད། དཔུང་སྡེའི་འཕྲོད་བསྟེན་མི་སྣས་མང་ཚོགས་ལ་ནད་བརྟག་སྨན་བཅོས་དང་། འཐབ་འཛིང་པ་ཚོས་མི་ཧྲེང་རྒན་རྒོན་ལ་འབུད་ཤིང་འཐུ་བ་དང་ཆུ་ལེན་རོགས་བྱས་པ་མ་ཟད། ཁོང་ཚོས་འབྲུ་རིགས་དང་། ཇ་ལོ། བྱི་རིལ་བཅས་བཏོན་ནས་འབྲོག་པ་དབུལ་པོར་རོགས་སྐྱོབ་བྱས་པ་རེད། དེ་ལྟར་སྔོན་སྐྱོད་ལེན་ཤོག་འབྲོག་པའི་སྙིང་ཉེ་བར་གྱུར་པ་དང་ཏང་གི་ཤུགས་རྐྱེན་ཡང་སྦྲ་གུར་དང་ཕྱིང་གུར་ཚང་མར་ཁྱབ་ནས་བཅིངས་འགྲོལ་དམག་གི་འདོད་ཚུལ་བོད་རིགས་སྤུན་ཟླའི་སེམས་སུ་ཟུག
ཉིན་ཞིག་ཕེང་ཆིང་ཡུན་གྱིས་རུ་སྣེ་ཁྲིད་དེ་བྲག་གམ་དུ་ཡོང་ནས་འབྲོག་དུད་ཞིག་གི་སྦྲ་གུར་ནང་སྐྱོད་པ་དང་། དེའི་བདག་པོ་ནི་ལོ་50ལྷག་ཙམ་ལ་སླེབས་པའི་དར་མཚོ་ཡིན།
“ཁྱེད་ཚོ་དམར་དམག་ཡིན་ནམ”ཞེས་དར་མཚོས་དེ་ཙམ་བྱང་པོ་མེད་པའི་རྒྱ་སྐད་ཀྱིས་དེ་ལྟར་བརྗོད་མ་ཐག ཕེང་ཆིང་ཡུན་ཧང་སངས།
“ང་ཚོ་ནི་མི་དམངས་བཅིངས་འགྲོལ་དམག་ཡིན། དེ་སྔའི་དམར་དམག་རེད”ཅེས་ཕེང་ཆིང་ཡུན་གྱིས་བརྗོད།
དར་མཚོས་སེམས་འགུལ་ཐེབས་བཞིན་མདུན་དུ་སོང་ནས་ཕེང་ཆིང་ཡུན་གྱི་ལག་ནས་འཇུས། དར་མཚོའི་ཕ་ཡུལ་ཀན་ལྷོ་ནས་ཡིན་པ་དང་ལོ་15ཡི་གོང་དམར་དམག་ལ་ལམ་སྣེ་ཁྲིད་མྱོང་ཡོད། ལམ་བར་དུ་ཁོང་ན་བས་དམར་དམག་གི་སྨན་པས་སྨན་བཅོས་བྱས། ནད་གཞི་དྲག་སྐྱེད་བྱུང་རྗེས་ཁོང་གི་གཟུགས་པོ་སྐྱོ་པོ་ཡོད་པས་དམར་དམག་ལས་བྱེད་པས་རྟ་བཞོན་དུ་བཅུག་པ་དང་ད་དུང་ཁོང་ལ་རྩྭ་ལྷམ་ཆ་གཅིག་ཀྱང་སྤྲད། ཟླ་གཅིག་ལྷག་ཙམ་འགྲོགས་རྗེས་དར་མཚོ་དང་དམར་དམག་དབར་མཛའ་གྲོགས་ཟབ་མོ་ཆགས།
ཕྱིས་སུ་ལོག་སྤྱོད་དམག་དཔུང་གི་རྗེས་འདེད་འཛིན་བཟུང་ལས་གཡོལ་ཆེད་དར་མཚོས་ནང་མི་ཁྲིད་དེ་བོད་བྱང་ཐང་དུ་བསྐྱོད།
དར་མཚོས་ལོ་བཅུ་ཙམ་ཉར་ཚགས་བྱས་པའི་རྩྭ་ལྷམ་དེ་ཕེང་ཆིང་ཡུན་ལ་སྤྲད།
དར་མཚོ་དང་ཕེང་ཆིང་ཡོན་གཉིས་གྲོགས་པོ་བཟང་པོར་གྱུར། སྔོན་སྐྱོད་ལེན་ཤོག་དང་འབྲེལ་གཏུག་ཡང་ཡང་བྱས་པའི་རྐྱེན་གྱིས་འགོ་པས་ཁོང་གྲ་མ་མང་པོ་ནས་ཕྱིར་བསྐྲད། ལོ་གཉིས་པར་སྔོན་སྐྱོད་ལེན་ཤོག་སྤུ་ཧྲེང་དུ་བསྐྱོད་པ་དང་། དར་མཚོ་དང་བུ་མོ་གཉིས་སླར་ཡང་དཔུང་སྡེར་ལོག་ནས་སྔོན་སྐྱོད་ལེན་ཤོག་གི་སྣེ་ཁྲིད་མཁན་ལ་གྱུར།
ཕེང་ཆིང་ཡུན་དང་དར་མཚོའི་གཏམ་རྒྱུད་དེ་སྔོན་སྐྱོད་ཤང་དུ་མི་རབས་ནས་མི་རབས་བར་ཁྱབ་ཡོད།
1951ལོའི་ཟླ་6པར། ཤིན་ཅང་གི་ཝུའུ་སི་མན་དང་ཡའོ་ལེ་པོ་སིའི་ངོ་ལོག་ཟིང་འཁྲུག་གི་ཇག་པ་ལྷག་མ་རྣམས་ལིང་ཁྲང་དུ་བྲོས་ཏེ། སྲེག་གསོད་འཕྲོག་གསུམ་སོགས་བྱ་ངན་བགྲང་གིས་མི་ལངས་པ་བྱས། ལེན་ཀྲང་ཚའོ་ཧའེ་ལིན་གྱིས་ནད་གཞི་ཅུང་ཡང་བའི་འཐབ་འཛིང་པ་ཁྲིད་དེ་ངོ་ལོག་ཇག་པ་རྗེས་འདེད་བཏང་བ་དང་། ནད་གཞི་ལྕི་བའི་འཐབ་འཛིང་པ་ཚོས་འབྲོག་པ་དང་མཉམ་དུ་གྲ་མ་མང་པོ་སྲུང་བའི་འགན་འཁུར། ཟླ་7པར་དམག་དཔུང་གིས་ངོ་ལོག་ཇག་པ་རྩ་མེད་དུ་བཏང་ཞིང་། ངོ་ལོག་ཇག་པས་འཕྲོག་བཅོམ་བྱས་པའི་དངོས་རྫས་གཞུང་བཞེས་བཏང་།
དཔུང་སྡེས་ཚོགས་ཆེན་འཚོགས་ནས་སྒེར་རྩེ་དང་། དགེ་རྒྱས། ཟངས་དཀར་བཅས་ཚོ་པ་22ཀྱི་དུད་ཚང་184ཡི་འབྲོག་པར་ངོ་ལོག་ཇག་པས་འཕྲོག་བཅོམ་བྱས་པའི་ཕྱུགས་ཟོག་དང་སྦྲ་གུར་སོགས་དངོས་ཟོག་སྤྲོད་སྐབས་འབྲོག་པས་མིག་ལ་མཆི་ཞག་འཁོར་བཞིན“མི་སེར་ལ་བྱམས་སེམས་འཆང་མཁན་གྱི་དམག་མི”ཞེས་བསྔགས་བརྗོད་ཡང་ཡང་བྱས་པ་དང་། རྡོ་དམར་ཏ་པན་ལའང་འབྲོག་པས་བཅིངས་འགྲོལ་ལ་ཞེས་མིང་བསྒྱུར་བ་རེད།
རྒྱལ་སྲིད་ནི་མི་དམངས་དང་མི་དམངས་ནི་རྒྱལ་སྲིད་ཡིན།
མངའ་རིས་མི་དམངས་ཀྱིས་སྔོན་སྐྱོད་ལེན་ཤོག་བརྒྱུད་བཅིངས་འགྲོལ་དམག་མི་དང་མི་དམངས་སྐྱོབ་མཁན་ཀྲུང་གོ་གུང་ཁྲན་ཏང་ལ་རྒྱུས་ལོན་བྱུང་བ་རེད།
སྔོན་སྐྱོད་ཤང་བྲག་ཕུག་གྲོང་ཚོ་ཡང་སྔོན་སྐྱོད་ལེན་ཤོག་སླེབས་པ་ལས་བཅིངས་འགྲོལ་དམག་བཅའ་སྡོད་བྱེད་སའི་བོད་ཀྱི་གྲོང་ཚོ་དང་པོ་དེར་གྱུར་ཡོད།
དེ་གར་སྔོན་སྐྱོད་ལེན་ཤོག་གི་ཁྲག་རྒྱུན་བཞུར་ཡོད་ལ། སྔོན་སྐྱོད་ལེན་ཤོག་གི་སྙིང་སྟོབས་རྒྱུན་འཛིན་ཡང་བྱས་ཡོད།
2019ལོའི་ཟླ་9ཚེས་27ཉིན་བོད་སྐྱོད་སྔོན་སྐྱོད་ལེན་ཤོག་དྲན་གསོ་ཁང་བྲག་ཕུག་གྲོང་ཚོར་དངོས་སུ་བསྐྲུན་ནས་སྒོ་ཕྱེ་བ་རེད།
ལོ་50ལྷག་ཙམ་ལ་སླེབས་པའི་གྲོང་ཚོའི་ཀྲི་པུའི་ཧྲུའུ་ཅི་ཚེ་རྒྱལ་གྱིས་ཉིན་ལྟར་མལ་ལས་ལངས་རྗེས་ཀྱི་བྱ་བ་དང་པོ་ནི་དྲན་གསོ་ཁང་ལ་སྐོར་བ་རྒྱག་རྒྱུ་དེ་རེད།
སྔོན་སྐྱོད་ལེན་ཤོག་གི་དྲན་གསོ་ཁང་དེ་ལྗོངས་ཡོངས་དང་ཐ་ན་རྒྱལ་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་རྟེན་གཞིར་གྱུར་ཡོད། དྲན་གསོ་ཁང་བཙུགས་ནས་ལོ་གཅིག་ལྷག་ཙམ་སོང་རིང་ལྗོངས་ཕྱི་ནང་དུ་གསར་བརྗེའི་སློབ་གསོའི་བྱེད་སྒོ་254སྤེལ་ནས་ལྟ་སྐོར་བ་མི་ཐེངས་ཁྲི་ལྷག་ཙམ་ལ་སྣེ་ལེན་ཞུས་ཡོད།
འགན་འཁུར་རྩོམ་སྒྲིག་པ། 次旦多吉
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣