
འདི་ལོ་ཚུན་དུ། ཉིང་ཁྲི་གྲོང་ཁྱེར་གྱིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་སྐུལ་འདེད་ཧུར་ཐག་བཏང་བའི་ནང་གཟའ་འཁོར་རེའི་གཟའ་པ་སངས་ཀྱི་ལས་བསྡུའི་འདུ་ཚོགས་ལ་རྒྱ་ཆེའི་མཐོ་སློབ་སློབ་ཐོན་སློབ་མ་དང་ལས་ཀ་འཚོལ་མཁན་གྱིས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། འདི་ནི་ལས་ཀ་འཚོལ་མཁན་གྱིས་ཁེ་ལས་ཀྱི་འཐུས་མིར་འབྲེལ་ཡོད་གནད་དོན་བློ་འདྲི་བྱེད་བཞིན་པ།
མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་དབྱང་དང་། རང་སྐྱོང་ལྗོངས། ཉིང་ཁྲི་གྲོང་ཁྱེར་བཅས་ཀྱི་བཀོད་སྒྲིག་རབ་དང་རིམ་པ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། སྲིད་ཇུས་ཤེས་རྟོགས་ཐུབ་ཚད་དང་ཁྱབ་རྒྱ་མུ་མཐུད་ཆེ་རུ་བཏང་ནས་ལས་ཞུགས་ཐུབ་མེད་པའི་མཐོ་སློབ་སློབ་ཐོན་སློབ་མ་ཁྲོམ་རར་ལས་ཞུགས་ཐུབ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱ་ཆེད། ཉེ་ཆར། གྲོང་ཁྱེར་མི་སྤྱི་ཅུས་ཀྱིས“3+2”ཀྱི་བྱེད་ཐབས་སྤྱད་དེ་ཉིང་ཁྲི་གྲོང་ཁྱེར་གྱི་རྫོང་དྲུག་དང་ཆུས་གཅིག་ཏུ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་སྲིད་ཇུས“གཤམ་སྤེལ་ལྔ་དང་སྒྲོག་འགྲེལ་གཅིག”གི་སྐོར་སྐྱོད་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་རེད།
ལས་དོན་མི་སྣས་སྲིད་ཇུས་སྒྲོག་འགྲེལ་བྱས་ཤིང་། གཅིག་སྡུད་སྒྲོག་འགྲེལ་ཚོགས་འདུའི་ཐོག་ལས་དོན་མི་སྣས་དཔེ་འཇོག་པ་དང་། གྲངས་གཞི་གླེང་བ། དཔྱད་བསྡུར་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ལས་ཞུགས་དུས་བབ་དང་། ལས་ཞུགས་ཐབས་ལམ། སྲིད་ཇུས་གསལ་འགྲེལ། ཞབས་ཞུའི་བརྒྱུད་རིམ་བཅས་ཕྱོགས་བཞིའི་ཐད་ནས་ཉིང་ཁྲི་གྲོང་ཁྱེར་གྱི་ལས་ཞུགས་ལས་གཏོད་ལས་དོན་ལ་འགྲེལ་བཤད་བརྒྱབ་པ་རེད། ལས་དོན་མི་སྣས་སློབ་ཐོན་སློབ་མར་དུས་ཐོག་ཏུ་ལས་ཞུགས་ཀྱི་འདུ་ཤེས་བསྒྱུར་བ་དང་རང་ངོས་ཀྱི་ངེས་གནས་ལུགས་མཐུན་ཡོང་བ་བྱས་ཏེ། “སྔོན་ལ་ལས་ཞུགས་བྱེད་པ་དང་རྗེས་སུ་ལས་ཀ་འདེམས་པའི”ལས་ཞུགས་ཀྱི་འདུ་ཤེས་འཛུགས་རྒྱུར་སྐུལ་ལྕག་བྱས་ཡོད། “གཅིག་གཏད་གཅིག”གི་རོགས་སྐྱོར་འགན་འཁུར་བས་རོགས་སྐྱོར་བྱ་ཡུལ་རང་ཉིད་ཀྱི་ཕྲུ་གུ་ལྟར་བརྩིས་ནས་ལས་གནས་འོས་སྦྱོར་དང་སྲིད་ཇུས་འགྲེལ་བཤད་བརྒྱབ་ཀྱི་ཡོད།
ཁྲོམ་རའི་དཔེ་མཚོན་དྲངས་ནས་ཉམས་མྱོང་གླེང་ཞིང་། “2018ལོ་ནས་2019ལོ་བར། ངས་ལས་ཀ་སྒུག་ནས་བསྡད་པ་མ་ཟད། བློ་བདེ་པོའི་ངང་གཞུང་ལས་པའི་ཡིག་རྒྱུགས་གྲ་སྒྲིག་བྱས་པ་ཡིན། བློ་ཕམ་པ་ཞིག་ལ་ཡིག་རྒྱུགས་ཚང་མ་ལམ་ལྷོངས་མ་བྱུང་། མཐར་ངས་ལས་ཞུགས་ཀྱི་འདུ་ཤེས་བསྒྱུར་ནས་ཁྲོམ་རའི་ལས་ཞུགས་ནང་ཞུགས་རྒྱུའི་ཐག་བཅད་པ་ཡིན། 2019ལོའི་ཟླ་11པར། ང་རང་ཉིང་ཁྲི་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་སྒྲིག་འཛུགས་བྱས་པའི་ལས་མི་བསྡུ་བའི་འདུ་ཚོགས་ལ་ཞུགས་པ་ཡིན། ལས་མི་བསྡུ་བའི་འདུ་ཚོགས་ཐོག་ང་རང་རང་འབབ་ཆུ་ཀ་ལ་བཟོ་གྲྭར་བསྡུས་པ་དང་2020ལོར་ཁོངས་མི་ངོ་མར་བསྒྱུར། ཟླ་རེའི་གླ་ཕོགས་ཀྱང་སྒོར་5000ནས་ད་ཆའི་སྒོར་8000བར་འཕར་བ་མ་ཟད། ད་དུང་ཉིང་ཁྲི་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་མཁོ་འདོན་བྱས་པའི་ཁྲོམ་རའི་ལས་ཞུགས་ཁ་གསབ་ལོངས་སུ་སྤྱོད་རྒྱུ་བྱུང”ཞེས་ཉིང་ཁྲི་གྲོང་ཁྱེར་གྱི་ཁྲོམ་རའི་ལས་ཞུགས་དཔེ་མཚོན་ལྷག་པས་རང་ཉིད་ཀྱི་ཁྲོམ་རའི་ལས་ཞུགས་ཉམས་མྱོང་གསོན་ཉམས་དོད་པོས་བཤད། འདུ་ཚོགས་ཐོག་ལྷག་པས་སློབ་གྲོགས་དང་གཅུང་མོ་ཚོས་ངེས་པར་དུ་དུས་ཚོད་ལ་གཅེས་སྤྲས་བྱས་ཏེ་དུས་ཐོག་ཏུ་ལས་ཞུགས་ཀྱི་དུས་བབ་གསལ་རྟོགས་དང་ལས་ཞུགས་ཀྱི་འདུ་ཤེས་ལ་འགྱུར་ལྡོག་བཏང་ནས་ཁྲོམ་ར་དང་ལྗོངས་ཕྱིར་ལས་ཞུགས་གང་མགྱོགས་ཐུབ་ཐབས་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།
སྒྲོག་འགྲེལ་བྱེད་རིང་། སྒྲོག་འགྲེལ་ཚོགས་ཆུང་དང་བཅས་པས་རྫོང་དྲུག་དང་ཆུས་གཅིག་གི་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པའི་ས་ཚིགས་2ལ་བསྐྱོད་དེ་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པའི་མ་དངུལ་དང་། ཆུ་དང་། གློག ཁང་པ་བཅས་ཀྱི་འགྲོ་གྲོན་ཁ་གསབ། སྤྱི་ཚོགས་འགན་བཅོལ་ཁ་གསབ་སོགས་དམིགས་སའི་རང་བཞིན་ལྡན་པའི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པར་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་མ་ཟད། ཁོང་ཚོར་ཉིང་ཁྲི་གྲོང་ཁྱེར་གྱི་ལས་ཞུགས་ལས་གཏོད་ཀྱི་གཟིགས་སྐྱོང་སྲིད་ཇུས་ལ་བརྟེན་ནས་རང་ཉིད་ཀྱི་ཁེ་ལས་ཀྱི་རྒྱ་སྟོབས་ཆེ་རུ་གཏོང་དགོས་པ་མ་ཟད། ད་དུང་མི་དེ་བས་མང་བ་བསྡུ་གང་ཐུབ་བྱེད་དགོས་པའི་ལྕག་སྐུལ་ཡང་བྱས་པ་རེད།
འདི་ལོ་ཚུན་དུ། ཉིང་ཁྲི་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་ལས་ཞུགས་ལས་གཏོད་ཀྱི་ཐོན་ཁུངས་སྣ་ཚོགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། སྔ་རྗེས་སུ“གཤམ་སྤེལ་ལྔ་དང་སྒྲོག་འགྲེལ་གཅིག”སྟེ། “ཁེ་ལས་དང་། སློབ་གྲྭ ཞིང་འབྲོག་ཁུལ། ཁྱིམ་ཚང་། ལས་ཁུངས་བཅས་སུ་གཤམ་སྤེལ་དང་དེ་བཞིན“སྲིད་ཇུས་སྒྲོག་འགྲེལ”གྱི་བྱེད་སྒོ་སྤེལ་ནས་སྒྲོག་འགྲེལ་གྱི་རྣམ་པ་དང་ནང་དོན་ཕུན་སུམ་ཚོགས་སུ་བཏང་བ་དང་སྲིད་ཇུས་ཀྱི་ཁྱབ་རྒྱ་དང་ཤེས་རྟོགས་བྱེད་ཚད་ཆེ་རུ་བཏང་སྟེ་མཐོ་སློབ་སློབ་ཐོན་སློབ་མར་སྤུས་ཚད་དེ་བས་མཐོ་བ་དང་ལས་ཞུགས་དེ་བས་ལེགས་པ་ཡོང་བར་མུ་མཐུད་སྐུལ་འདེད་གཏོང་ཆེད་རྣམ་པ་བཟང་པོ་ཞིག་བཏོད་ཡོད།