ཡུན་ནན་ཏ་ལི་ནས་ཡིན་པའི་པའེ་རིགས་ཀྱི་གྲི་བཟོ་མཁན་ཚུན་ཁུན་ཅེ་ནི་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་རྒྱབ་རི་བྲག་གྲོང་ཚོའི་མི་རིགས་ལག་ཤེས་ཐོན་རྫས་ལས་སྣོན་མཉམ་ལས་ཁང་གི་འགན་འཁུར་བ་ཞིག་ཡིན་ཞིང་། ཉིན་ལྟར་མཉམ་ལས་ཁང་དུ་བོད་གྲི་བཟོ་རྒྱུ་ནི་ཁོང་གི་ལས་ཀ་རེད། ཁོང་དང་དགེ་ཕྲུག་ཚོའི་ལས་སྣོན་ཞིབ་ཚགས་བྱས་པ་ལས་ད་གཟོད་ལོ་ངོ་400ལྷག་ཙམ་རྒྱུན་འཛིན་བྱས་པའི་ལྷོ་རྫོང་བོད་གྲི་སྤུས་ལེགས་ཤིག་བཟོ་གི་ཡོད།
2016ལོའི་ཟླ་8པར་བཙུགས་པའི་མཉམ་ལས་ཁང་དེར་ཁྱོན་མ་དངུལ་སྒོར་ཁྲི་40བཏང་བ་དང་། མིག་སྔར། ཧྲེ་ཡོན་8ཡོད་པར་མི་རེར་ཟླ་རེར་ཡོང་འབབ་སྒོར་1800ནས་4000བར་ཡོད། ལྷོ་རྫོང་བོད་གྲིར་སྐེད་གྲིའང་བརྗོད་ཅིང་། ངར་གཏོང་སྐབས་མེས་པོའི་ཁྱད་འཕགས་ལག་རྒྱུན་སྤྱད་པས་གྲི་དངོ་རྣོ་བའི་ཁར་བོད་གྲི་དེ་མིག་ལ་མཛེས་ཤིང་བེད་སྤྱོད་ཀྱང་བྱེད་བདེ་པོ་ཡོད་པར་བརྟེན་དུས་ཡུན་རིང་པོ་ཁྲོམ་རའི་དགོས་མཁོ་སྐང་ཐུབ་ཀྱི་མེད”ཅེས་ཚུན་ཁུན་ཅེ་ཡིས་དེ་ལྟར་ངོ་སྤྲོད་བྱས།
སྲིད་གཞུང་གི་རྒྱབ་སྐྱོར་འོག་བཟོ་ཁང་བསྐྱར་སྐྲུན་རྒྱས་སྐྲུན་དང་སྒྲིག་ཆས་གསར་བརྗེས་བྱས་པ་བརྒྱུད། ལྷོ་རྫོང་བོད་གྲི་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཚད་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད། མིག་སྔར་ལྷོ་རོང་རྫོང་དང་ཆབ་མདོ་གྲོང་ཁྱེར་དུ་ལྷོ་རྫོང་བོད་གྲི་ཆེད་ཚོང་ཁང་བཙུགས་ནས་ཕྱིར་ཚོང་ཐབས་ལམ་སྔར་བས་རྒྱ་ཆེར་ཕྱིན་ཡོད།
ཉེ་བའི་ལོ་ཤས་རིང་། ལྷོ་རོང་རྫོང་གིས་ཞིང་ལས་ཀྱི་ཕན་འབྲས་དང་ཞིང་པར་འབབ་འཕར་ཡོང་བའི་དམིགས་ཚད་ལ་དམ་པོར་དམིགས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་འདོམས་ལ་གཞི་ཚུགས་ནས་ཞིང་ལས་དང་ཞིང་པ་སོགས་ལ་རོགས་སྐྱོར་བྱེད་པའི་འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། རྫོང་ཡོངས་སུ་ད་བར་རིགས་ཁག་གི་ཆེད་ལས་མཉམ་ལས་ཁང་56འཕེལ་རྒྱས་བཏང་བ་དང་། མཉམ་ལས་ཁང་གི་གཉེར་སྐྱོང་ཁྱབ་ཁོངས་འདེབས་འཛུགས་ལས་རིགས་དང་། གསོ་ཚགས་ལས་རིགས། ཞིང་འཕྲུལ། དཔལ་འབྱོར་ནགས་ཤིང་། རི་མོ། བཟོ་སྐྲུན། ལས་སྣོན་སོགས་ཡོད་པས་ཞིང་འབྲོག་མང་ཚོགས་སྒྲིག་འཛུགས་སྣེ་ཁྲིད་ཀྱིས་ཐོན་སྐྱེད་འཕེལ་རྒྱས་དང་། དབུལ་སྒྲོལ་འགག་སྒྲོལ་ལ་རོགས་སྐྱོར། ཞིང་འབྲོག་ལས་ཐོན་འཕར་འབབ་འཕར་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ནུས་པ་གལ་ཆེན་ཐོན་བཞིན་ཡོད།