དབུ་ཤོག>ཆེད་སྒྲིག
  • ཅའོ་ཡུས་ལུའུ་དང་འདྲ་བའི་ལས་བྱེད་པ་ཡག་པོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-09

    ལྷུན་དཔལ། སྐྱེས་པ། བོད་རིགས། 1968ལོར་སྐྱེས། བོད་ལྗོངས་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་ནས་ཡིན་པ། 1988ལོར་སློབ་ཆེན་ཐོན། 1991ལོར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ཀྲུང་གུང་ནག་ཆུ་ས་ཁུལ་དཔལ་མགོན་རྫོང་ཨུད་ཀྱི་ཧྲུའུ་ཅི་དང་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བྱས་མྱོང་། ཁོང་གིས་མུ་མཐའ་མེད་པའི་བྱང་རྩྭ་ཐང་དུ་བགྲང་བྱ་17སྐད་གྲགས་མེད་པར་ལེགས་སྐྱེས་ཕུལ་ཡོད།

    ཁྱིམ་ཚང་ཞིག་གི་ངོས་ནས་བརྗོད་ན། ཁོང་ནི་བུ་ཡག་པོ་ཞིག་དང་། ཁྱོ་ག་ཡག་པོ་ཞིག ཕ་ཡག་པོ་ཞིག་བཅས་མིན་ཡང་། ཁོང་ནི་ཏང་གི་ལས་བྱེད་པ་ཡག་པོ་ཞིག་དང་ཧྲུའུ་ཅི་ཡག་པོ་ཞིག་རེད། བློ་མཐུན་ལྷུན་དཔལ་གྱི་སེམས་སུ་དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་བཅངས་ནས་རང་ཁྱིམ་ལ་ལྟ་རྟོག་བྱེད་ཁོམ་མེད། ལས་ཀ་བྱས་ནས་ལོ་17སོང་རིང་། ཁོང་གིས་རང་ཉིད་གསོ་སྐྱོང་བྱེད་མཁན་དང་ལས་ནུས་ཤོར་ནས་ལོ་20ལྷག་ཙམ་སོང་བའི་ཨ་མར་འཚོ་བའི་གྲོན་དངུལ་བསྐུར་བ་ཕུད། ཕ་མར་བསྙེན་བཀུར་ཞུ་བའི་དུས་ཚོད་ཧ་ཅང་ཉུང་ཉུང་རེད། ཐ་ན་ཨ་མ་ལྷ་སར་ཕོ་བྲང་པོ་ཏ་ལ་མཇལ་བར་འགྲོ་འདོད་པའི་བསམ་འདུན་ཡང་ཨ་མ་གྲོངས་ཁར་གཞི་ནས་འགྲུབ་ཐུབ་ཙམ་བྱུང་། ཨ་མ་ཚེ་ལས་འདས་རྗེས། ཨ་མར་བོད་ཆས་གསར་པ་ཞིག་ཉོ་བའི་ཁས་ལེན་དེ་ནམ་ཡང་བརྗེད་ཐབས་མེད་པའི་འགྱོད་པ་ཞིག་ཏུ་གྱུར། ལྷུན་དཔལ་གྱི་བཟའ་ཟླ་གཡུང་དྲུང་གིས་རང་ཉིད་ཀྱི་ཁྱོ་གའི་ལས་ཀར་བསམ་ཤེས་བྱེད་པ་མ་ཟད། སྐད་གྲགས་མེད་པར་བུ་མོ་གཉིས་ལ་ལྟ་རྟོག་ཀྱང་བྱེད་ཀྱི་ཡོད། བུ་མོ་གཉིས་ཀྱིས་རང་ཉིད་ཀྱི་ཕ་མཐོང་བ་ཧ་ཅང་དཀོན་པོ་རེད།

    ཐེངས་ཤིག་ལྷུན་དཔལ་ཁྱིམ་དུ་ལོག་སྐབས། ལོ་གཅིག་ལྷག་ཙམ་ཐུག་འཕྲད་མ་བྱུང་བའི་བུ་མོས་སྒོ་ཕྱེས་ནས། “ཨ་ཁུ་ལགས། ཁྱེད་རང་སུ་འཚོལ་མཁན་ཡིན་ནམ”ཞེས་དྲིས། སྐབས་དེར་ལྷུན་དཔལ་ཧང་སངས་ཧོན་ཐོར་བའི་གནས་སུ་གྱར་བ་མ་ཟད། མིག་ཆུའང་དབང་མེད་དུ་ཤོར་བ་དང་། ཁང་པའི་ནང་ནས་བཟའ་ཟླའི་ངུ་ངག་གི་སྒྲ་གྲགས།

    2002ལོའི་ཟླ་10པར། ལྷུན་དཔལ་ཤན་རྩ་རྫོང་གི་རྫོང་དཔོན་ནས་དཔལ་མགོན་རྫོང་ཨུད་ཀྱི་ཧྲུའུ་ཅིར་ལས་བསྒྱུར་བྱས། དཔལ་མགོན་རྫོང་ནི་འབྲོག་ལས་རྐྱང་པའི་རྫོང་ཡིན་པ་དང་རྫོང་ཡོངས་ཀྱི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4700ཡན་ཟིན་པས། གསོ་རླུང་དཀོན་པ་དང་། གྲང་ངར་ཆེ་ལ་སྐམ་ཤས་ཆེ་བ། གངས་སྐྱོན་དང་རླུང་སྐྱོན་སོགས་རང་བྱུང་གནོད་འཚེ་ཡང་ཡང་ཐོན་གྱི་ཡོད། རྩ་འཛུགས་ཀྱིས་ལྷུན་དཔལ་བཙལ་ནས་ཁོང་དཔལ་མགོན་རྫོང་ཨུད་ཀྱི་ཧྲུའུ་ཅི་བྱེད་པར་སྐྱོད་དགོས་པའི་བཀོད་སྒྲིག་བྱེད་སྐབས། ཁོས་གིས“ང་ནི་གུང་ཁྲན་ཏང་ཡོན་དང་ཏང་གི་ལས་བྱེད་པ་ཡིན་པས། ཏང་གི་བཀོད་སྒྲིག་ལ་དང་ལེན་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན”ཞེས་ཁས་བླངས། ཁོང་གིས་དཔལ་མགོན་རྫོང་ཨུད་ཀྱི་ཧྲུའུ་ཅིའི་འགན་ཁུར་ནས་ལོ་3སོང་རིང“རྩྭ་ར་དུད་ཚང་ལ་འགན་གཙང་སྤྲོད་རྒྱུ”ནང་དོན་གཙོ་བོར་བྱས་པའི་འབྲོག་ཁུལ་སྒྱུར་བཅོས་བདེ་བླག་ངང་ཁྱབ་གདལ་གཏོང་རྒྱུ་དེ་བོད་བྱང་ཐང་འབྲོག་ཁུལ་སྒྱུར་བཅོས་ཀྱི་དར་ཆ་ཞིག་ཏུ་གྱུར་ཡོད།

    2003ལོའི་ཟླ་4པར། དཔལ་མགོན་རྫོང་སྨན་ཐང་ཤང་དུ་མཐོང་དཀོན་པའི་གངས་སྐྱོན་ཕོག་སྐབས་ལྷུན་དཔལ་གྱིས་ཁ་བ་བུ་ཡུག་ལ་མ་འཛེམས་པར་གངས་སྐྱོན་ཚབས་ཆེ་ཤོས་ཕོག་པའི་འབྲོག་པའི་ཁྱིམ་དུ་བསྐྱོད་དེ་འབྲོག་པ་མང་ཚོགས་དཀའ་གནད་ལས་སྒྲོལ་རོགས་བྱས་པ་དང་འབྲེལ། སྒོར་1450བཏོན་ནས་གནོད་འཚེ་ཕོག་པའི་མང་ཚོགས་ལ་འཚམས་འདྲི་ཡང་བྱས་པ་རེད། རྫོང་རུ་འབྲིང་གི་དམག་མི་གསར་པ་ཞིག་གི་ཨ་མར་ནད་གཞི་ལྕི་པོ་ཕོག་ནས་སྨན་རིན་སྒོར་ཁྲི་5སྤྲོད་དགོས་པ་ཤེས་སྐབས། ལྷུན་དཔལ་གྱིས་རང་ཉིད་ཀྱི་དེ་ཙམ་མཐོ་པོ་མེད་པའི་གླ་ཕོགས་ནས་འཕྲལ་མར་སྒོར་1000བཏོན་ཏེ་འཐབ་འཛིང་པ་དེར་སྤྲད་པ་མ་ཟད། རྫོང་ཡོངས་ཀྱི་ལས་བྱེད་པར་ཞལ་འདེབས་རྒྱག་དགོས་པའི་འབོད་སྐུལ་ཡང་བྱས་པ་རེད། བྱ་བ་བཟང་པོ་དེ་ལྟ་བུ་ལྷུན་དཔལ་གྱིས་མང་པོ་བསྒྲུབས་ཡོད་པ་རེད། བོད་བྱང་ཐང་གི་མི་དམངས་ཚོས་ལྷུན་དཔལ་གྱིས་དཔལ་མགོན་གྱི་འཕེལ་རྒྱས་དོན་གཉེར་དང་མི་སེར་ཚོར་ཁེ་ཕན་སྒྲུབ་པའི་བྱ་བ་བཟང་པོ་དེ་དག་ནམ་ཡང་བརྗེད་མི་སྲིད། ཁོང་ནི་མི་སེར་སེམས་ནང་གི་ཅའོ་ཡུས་ལུའུ་དང་འདྲ་བའི་ལས་བྱེད་པ་ཡག་པོ་ཞིག་རེད།

    2005ལོའི་ཟླ་8ཚེས་21ཉིན། བསམ་ཡུལ་ལས་འདས་པའི་གནད་དོན་ཞིག་ཐོན། ཉིན་དེར་ལྷུན་དཔལ་དང་བཅས་པ་རླངས་འཁོར་ལ་བསྡད་ནས་ལྷ་སར་ཁ་གཏད་བོད་སྐྱོར་ཚན་པར་ལས་དོན་སྙན་སེང་ཞུ་བ་དང་ཆབས་ཅིག འདམ་གཞུང་ནས་དཔལ་མགོན་རྫོང་བར་གྱི་བོད་དབུས་གློག་དྲ་སྣུར་སྲིང་རྣམ་གྲངས་འཛུགས་པའི་འབྲེལ་ཡོད་ལས་དོན་མཐུན་སྦྱོར་དང་། ཕྱིང་ལུང་ཤང་དང་ཉི་མ་ཤང་དུ་ལས་བཟོའི་ལས་ཤག་དང་གྲོང་ཚོ་རིམ་པའི་རིག་གནས་ཁང་འཛུགས་སྐྲུན་རྣམ་གྲངས་ཀྱི་འཕེལ་རིམ་གནས་ཚུལ་ལ་ཞིབ་བཤེར་བྱེད་པར་སྐྱོད་པའི་ལམ་བར་དུ་སྟབས་མ་ལེགས་པར་རོང་ཆེན་གཙང་པོ་སྒྲོལ་སྐབས་རླངས་འཁོར་གཙང་པོའི་དཀྱིལ་དུ་ལུས། ཁ་ཉིན་དགོང་མོ་དཔལ་མགོན་རྫོང་དུ་མཚན་གང་ཆར་པ་བབས་ནས་ཆུ་བོ་གློ་བུར་དུ་རྒྱས་ཏེ་དབྱར་ཁ་ཤར་ཚུན་གྱི་ཆུ་ཁ་མཐོ་ཤོས་སུ་སླེབས། སྐབས་དེར་ཆུ་བོའི་ཁ་ཞེང་ལ་སྨི་བཞི་བཅུ་ལྔ་བཅུ་ཙམ་ཡོད་པ་དང་། ཆུ་ཤུགས་ཆེ་བས་རླངས་འཁོར་གྱི་ཐོག་བར་ཆུས་བསྣུབས་ནས་ཉེན་ཁ་ཧ་ཅང་ཆེ་བའི་གནས་སུ་གྱར། ལྷུན་དཔལ་དང་རླངས་འཁོར་ནང་གི་མི་ཚང་མ་ཉེན་འགོག་སྒྲིག་ཆས་སྟེང་ལངས། བུད་མེད་བློ་མཐུན་དང་བྱིས་པར་སྲུང་སྐྱོབ་བྱ་ཆེད་ཁོང་གིས་བློ་ཐག་ཆོད་པོས“ང་མདུན་དུ་ལངས་ཆོག བུད་མེད་བློ་མཐུན་དཀྱིལ་དུ་སྡོད་ཨང་། ཁ་ལོ་བས་བྱིས་པ་ཁུར་ནས་རྒྱབ་ཏུ་ལངས་རོགས། མགྱོགས་པོ་གྱིས”ཞེས་ཐག་བཅད། སྐྱོབ་པར་ཡོང་མཁན་མང་ཚོགས་ཚོས་ལམ་སེང་ཐག་པ་བཏང་ནས་མི་8གོ་རིམ་བཞིན་བང་བསྒྲིགས་ཏེ་དྲག་ཏུ་རྒྱུག་པའི་ཆུ་བོའི་ནང་འཛུལ་བ་དང་། ལྷུན་དཔལ་གྱིས“ཁྱེད་ཚོ་གཟབ་གཟབ་གྱིས། ག་ལེར་ཤོག བདེ་འཇགས་ལ་དོ་སྣང་གྱིས། ཐག་པ་ང་ཚོར་དབྱུགས་ན་འགྲིག ཁྱེད་ཚོ་གཟབ་གཟབ་གྱིས་ཨང”ཞེས་བཤད། ཚེ་སྲོག་གི་ཉེན་ཁ་ཆེ་བའི་སྐབས་སུ་ལྷུན་དཔལ་གྱིས་དང་ཐོག་མི་གཞན་གྱི་བདེ་འཇགས་ལ་བསམ་བློ་གཏོང་གི་ཡོད། བསམ་ཡུལ་ལས་འདས་པ་ཞིག་ལ་ཐག་པ་གློ་བུར་དུ་ཆད་ནས་ལྷུན་དཔལ་ཆུས་འཁྱེར། ལོ་37ལ་སླེབས་པའི་ཧྲུའུ་ཅི་ལྷུན་དཔལ་ཚེ་ལས་འདས། ལོ་17རིང་ལས་དོན་སྒྲུབ་པའི་ཁྲོད་ཁོང་གིས་དཀའ་སྤྱད་སྙིང་རུས་ཀྱིས་བྱ་བ་སྒྲུབ་པ་དང་། ཁྱིམ་ཆུང་དོར་ནས་ཁྱིམ་ཆེན་བསྐྱངས་ཏེ་གཞུང་དྲང་སྤྱོད་གཙང་དང་། སྒེར་དོར་སྤྱི་སྐྱོང་། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ་བཅས་བྱས་ཡོད། འབྲི་རུ་ནས་སོག་རྫོང་བར་དང་། དེ་ནས་ཤན་རྩ་དང་དཔལ་མགོན་བར་གདམ་ག་བྱེད་རིམ་བཞིན་ཚང་མ་མི་དམངས་ཀྱི་དགོས་མཁོར་གཞིགས་ནས་གདམ་ག་བྱེད་ཀྱི་ཡོད། གདམ་ག་བྱེད་རིམ་བཞིན་ས་བབ་མཐོ་རུ་དང་ལས་ཀའི་ཁོར་ཡུག་དཀའ་ཚེགས་ཆེ་རུ་སོང་མོད། འོན་ཀྱང་ཁོང་གིས་ཕྱིར་བཤོལ་གཏན་ནས་བྱེད་མྱོང་མེད། ལྷག་པར་དུ་ཤན་རྩ་དང་དཔལ་མགོན་རྫོང་གཉིས་ཀྱི་འགོ་ཁྲིད་གཙོ་བོའི་འགན་འཁུར་རིང་རྫོང་གཉིས་ཀྱི་འབྲོག་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་ཕྱིན་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་མངོན་གསལ་དོད་པོ་བྱུང་བ་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད། ཁོང་གིས་འོད་སྟོང་འཕྲོ་བའི་མི་ཚེ་ཐུང་ཐུང་དེའི་ནང་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་གུང་ཁྲན་ཏང་ཡོན་གྱི་དམིགས་ཡུལ་དང་འགན་འཁྲི་ལག་ལེན་བསྟར་ཡོད།

    2011ལོར་ལྷུན་དཔལ“བོད་ལ་སེམས་འགུལ་ཐེབས་པའི་མི་སྣ་60”ཡི་ནང་བདམས་པ་རེད། ཁོང་ནི་བྱང་རྩྭ་ཐང་སྟེང་གི་མེ་ཏོག་གཅིག་ལྟར་རྩ་བ་བརྟན་པོ་ཚུགས་པ་དང་བབ་ཆགས་ལ་བློ་རྩ་བརྟན་པ་དེ་ནི་ནམ་ཡང་བྱང་ཐང་མི་དམངས་ཀྱི་སེམས་ནང་བརྟན་པོར་གནས་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།