ཚེས་3ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་གི་གློག་ཤུགས་བྱ་གཞག་འཕེལ་རྒྱས་ཀྱི་གྲུབ་འབྲས་ངོ་སྤྲོད་བྱས་པ་རེད། ལོ་ངོ་70ཡི་རིང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག རང་ལྗོངས་ཀྱི་གློག་ཤུགས་བྱ་གཞག་མེད་པ་ནས་ཡོད་པའི་བར་དང་ཆུང་བ་ནས་ཆེ་བའི་བར་འཕེལ་རྒྱས་སོང་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་རྒྱུར་འདེགས་སྐྱོར་ནུས་ལྡན་བྱས་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། ཞི་བས་བཅིངས་འགྲོལ་མ་བཏང་གོང་བོད་དུ་མཐོ་རིམ་སྐུ་དྲག་ཉུང་ཤས་ལ་ཆེད་མངགས་གློག་མཁོ་འདོན་བྱེད་པའི་གློག་ཁང་ཆུང་ཆུང་ཞིག་ལས་མེད་པ་དང་གློག་ཤུགས་བྱ་གཞག་སྤྱིར་ན་མེད། ཞི་བས་བཅིངས་འགྲོལ་བཏང་རྗེས། ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག བོད་ཀྱིས་1956ལོའི་ཟླ་7པ་དང་ཟླ་10པར་སྔ་རྗེས་སུ་ལྷ་ས་གློག་ཁང་དང་གཞིས་རྩེའི་མེ་ཤུགས་གློག་ཁང་བསྐྲུན་ནས་རང་ལྗོངས་ཀྱི་གློག་ཤུགས་བྱ་གཞག་གི་གོམ་པ་དང་པོ་དེ་སྤོས། 1958ལོར་རྔ་ཆེན་གློག་ཁང་དེ་རྒྱལ་ཁབ་ཀྱི“ལོ་ལྔ་ཚན་གཉིས་པའི”འཆར་གཞིའི་གཙོ་གནད་ལས་གྲྭའི་ནང་བཅུག་ནས་འཛུགས་སྐྲུན་བྱས་པ་དང་། 1965ལོར་གློག་ཁང་ཁྱོན་ཡོངས་ནས་སྤྱོད་འགོ་ཚུགས་ཏེ། ལྷ་སའི་མི་དམངས་ཀྱིས་སྒྲོན་མེ་ཤིང་དང་སྣུམ་བཞུས་མུན་པ་གསལ་བར་བྱེད་པའི་ལོ་རྒྱུས་མཇུག་འགྲིལ་ཡོད། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་པ་དང་བོད་རང་སྐྱོང་ལྗོངས་དབུ་བརྙེས་རྗེས། གློག་ཤུགས་བྱ་གཞག་འཕེལ་རྒྱས་ཐད་གོམ་སྟབས་གསར་པ་སྤོ་ཐུབ་ནས་ས་ཁུལ་དང་གྲོང་ཁྱེར་ཁག་གཅིག་གི་གཙོ་ཤུགས་གློག་ཁང་དང་གྲོང་གསེབ་ཀྱི་ཆུ་ཤུགས་གློག་ཁང་ཆུང་གྲས་600ལྷག་ཙམ་སྔ་རྗེས་སུ་བསྐྲུན་ཡོད། ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་གྱི་རང་ཚུགས་གློག་དྲ་དང་ཆུ་ཤུགས་གློག་ཁང་ཆུང་གྲས་ཀྱིས་གློག་གཏོང་བའི་རྫོང་དང་ཤང་གི་ས་ཁོངས་གློག་དྲ་འབོར་ཆེན་ཞིག་རིམ་བཞིན་གྲུབ་ཡོད། གློག་གཏོང་ཆ་རྐྱེན་ཡང་ཧ་ཅང་ལེགས་སུ་ཕྱིན་པ་དང་། ལེ་ལག་ཚང་བའི་གློག་ཤུགས་ཚོད་ལྟ་ཞིབ་འཇུག་དང་། ཇུས་འགོད། ཨར་སྐྲུན་སོགས་ཀྱི་ཆེད་ལས་དཔུང་ཁག་རིམ་བཞིན་བཙུཌ་ཡོད།
སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། བོད་ཀྱི་གློག་ཤུགས་བཟོ་ལས་ལ“ཆུ་གློག་གིས་གཙོ་བོ་དང་། ནུས་མང་གསབ་རེས། གཅིག་སྡུད་དང་ཁ་ཐོར་ཟུང་འབྲེལ”བཅས་ཀྱི་གློག་ཤུགས་འཕེལ་རྒྱས་ཀྱི་བསམ་ཕྱོགས་གྲུབ་པ་དང་། ཡངས་པ་ཅན་གྱི་ས་འོག་ཚ་ནུས་གློག་ཁང་དང་། ནག་ཆུའི་ཚྭ་ལུང་གློག་ཁང་། ཡར་འབྲོག་གཡུ་མཚོའི་ཆུ་འཐེན་ནུས་གསོག་གློག་ཁང་སོགས་སྔ་རྗེས་སུ་བསྐྲུན་ནས། ས་ཁུལ་དང་གྲོང་ཁྱེར་གྱི་གློག་དྲ་དང་ཞིང་འབྲོག་ཁུལ་གྱི་གློག་དྲ་འཛུགས་སྐྲུན་མགྱོགས་སུ་ཕྱིན་ཡོད། 1985ལོར་ཡངས་པ་ཅན་ནས་ལྷ་སའི་བར་གྱི་ཆན་ཕུའུ་110ཡི་གློག་གཏོང་སྐུད་ལམ་དང་པོ་དེ་སྤྱོད་འགོ་ཚུགས། དུས་རབས་གོང་མའི་ལོ་རབས་90པའི་དུས་མཇུག་ནས་བཟུང་ལྷ་ས་དང་། ལྷོ་ཁ། གཞིས་རྩེ། ནག་ཆུ། ཉིང་ཁྲི་བཅས་ཀྱི་གློག་དྲ་སྔ་རྗེས་སུ་དྲ་སྦྲེལ་ཐུབ་ནས་བོད་དབུས་གློག་དྲ་གྲུབ་ཡོད། རྒྱལ་ཁབ་ཀྱིས་ད་དུང་མ་དངུལ་བཏང་ནས་དུས་ཐེངས་གསུམ་པའི་གྲོང་གསེབ་ཀྱི་གློག་དྲ་འཛུགས་སྐྲུན་དང“དུད་ཚང་ཀུན་ལ་གློག་འཁྲིད་པའི”རྣམ་གྲངས་ལག་བསྟར་བྱས་པ་རེད།
ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ནུས་རྒྱུའི་གློག་ཤུགས་བྱ་གཞག་ལ་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་བ་དང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་དང་།རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་། ཀྲུང་དབྱང་གློག་ཤུགས་ཁེ་ལས་བཅས་ཀྱིས་མཉམ་དུ་འཐབ་འགོད་ཇུས་འདོན་གནང་ནས་བོད་ཀྱི་གློག་ཤུགས་བྱ་གཞག་ལོ་རྒྱུས་ཐོག་འཕེལ་རྒྱས་མགྱོགས་ཤོས་དང་ཡག་ཤོས་ཀྱི་དུས་སྐབས་སུ་སླེབས་ནས་གློག་ཁུངས་གསར་སྤེལ་ཐད་གློག་འདོན་ཤུགས་ཆེ་བ་དང་གློག་དྲ་འཛུགས་སྐྲུན་ཐད་གློག་གནོན་མཐོ་བའི་དུས་རབས་སུ་སླེབས་ཡོད། གློག་དྲ་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར་700ཙམ་བཏང་ནས་མཚོ་བོད་དང་། ཁྲོན་བོད། བོད་དབུས། མངའ་རིས་བཅས“གློག་ཤུགས་མཁའ་ལམ”4བསྐྲུན་པ་དང་། གྲོང་གསེབ་ཀྱི་གློག་དྲ་སྒྱུར་བཀོད་རིམ་སྤོར་དང་། “ཁུལ་གསུམ་དང་ཀྲོའུ་གསུམ”གྱི་གློག་དྲ་འཛུགས་སྐྲུན་ལས་གྲྭ་ལག་བསྟར་བྱས་པས། བོད་ཀྱི་གཅིག་གྱུར་གློག་དྲ་འཛུགས་སྐྲུན་གྱི་དམིགས་ཚད་མངོན་འགྱུར་བྱུང་བ་དང་། གློག་དྲའི་གློག་གནོན་རིམ་པ་ཚད་བརྒལ་མཐོ་གནོན་དུ་སླེབས་པ། རྒྱལ་ཡོངས་ཀྱི་གློག་དྲ་ཆེན་པོ་དང་དྲ་སྦྲེལ་ཐུབ་ནས་ཕན་ཚུན་འབྲེལ་མཐུད་བྱུང་ཡོད།
“ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ཀྱི་གློག་དྲའི་གློག་སྤྱོད་ཐེག་ཚད་ལོ་ལྟར་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་དེ་མཐོ་ཤོས་གློག་ཆན་ཝ་ཁྲི་170བར་སླེབས་ནས་ལོ་རེར་ཆ་སྙོམས་འཕར་ཚད་20%ཙམ་ཟིན་ཡོད། 2020ལོར་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་82.5ཟིན་པ་དེ་རང་སྐྱོང་ལྗོངས་དབུ་བརྙེས་སྐབས་ཀྱི་ལྡབ་310ལྷག་ཙམ་རེད། “ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་ཏུ་སླེབས་སྐབས་ལྗོངས་ཡོངས་ཀྱི་གློག་ཤུགས་ཀྱི་གློག་འདོན་ཤུགས་ཆན་ཝ་ཁྲི་395ཟིན་པ་དང་། གློག་དྲ་ཆེན་པོ་ལྗོངས་ཡོངས་ཀྱི་རྫོང(ཆུས)74ལ་ཁྱབ་པ། མི་འབོར་ཁྲི་330ཙམ་ལ་གློག་མཁོ་འདོན་ཐུབ་ནས་རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པར་སྲ་ཞིང་བརྟན་པའི་འགན་ལེན་བྱས་ཡོད།
དཀའ་ཚེགས་ལ་མི་འཛེམས་པར་འབད་འབུངས་མདུན་སྐྱོད་བྱས་ཤིང་། མི་རབས་ཁ་ཤས་ཀྱི་གློག་ཤུགས་ལས་དོན་པའི་འབད་འཐབ་འོག“གངས་ལྗོངས་ཁྱོན་ལ་གློག་དྲ་ཁྱབ། གློག་གི་འོད་སྣང་ས་མཐོར་འཕྲོད”ཅེས་པའི་ཕུགས་འདུན་རིམ་བཞིན་མངོན་འགྱུར་བྱུང་ཡོད།