འདི་ནི་ལེང་ཧྲུའེ་ཆོན་གྱི་ཡུལ་ལྗོངས་ཡིན་པ།
སྔོན་སྐྱོད་ལེན་ཤོག་གིས་སྔ་རྗེས་སུ་མྱུལ་ཞིབ་པན་5སྒྲིག་འཛུགས་བྱས་ཏེ་ཕྱོགས་གང་སར་བོད་རིགས་མང་ཚོགས་འཚོལ་བར་བསྐྱོད་ཀྱང་མ་རྙེད་པར་ཕྱིར་ལོག་བྱེད་དགོས་བྱུང་ཡོད། ཁོང་ཚོས་ཡིད་ཐང་མི་ཆད་པར་ཐེངས་གཉིས་པ་དང་གསུམ་པ་འཚོལ་བར་བསྐྱོད་པ་རེད།
རྟའི་རྨིག་པར་རྨ་བཟོས་ནས་ཁྲག་དོན་སྐབས་རས་ཀྱིས་བཏུམས་པ་དང་ལམ་རྒྱགས་རྫོགས་རྗེས་རི་དྭགས་བརྒྱབ་ནས་གྲོད་པ་རྒྱགས་ཐབས་བྱས།
ཁོང་ཚོས་རང་གི་གྱོན་ཆས་ཁག་གཅིག་མི་སེར་ཚོར་སྤྲད་པ་དང་། རང་ཉིད་ཀྱི་བཟའ་འབྲུའང་མང་ཚོགས་ལ་བགོས་ཤིང་། མི་ཧྲེང་རྒན་རྒོན་ལ་རང་འགུལ་ངང་མེ་ཤིང་འཐུ་བ་དང་། ཆུ་ལེན་པ། ལྟོ་བཟོ་བ་སོགས་ཀྱི་རོགས་པ་བྱས་པ་མ་ཟད། ཡུལ་མིར་ཚྭ་ཆད་པའི་སྐབས་སུ་ལི་ཏི་སན་གྱིས་འཐབ་འཛིང་པ་ཚོ་མང་ཚོགས་ལ་ཚྭ་སྐྱེལ་བར་བཏང་།
སྔོན་སྐྱོད་ལེན་ཤོག་གི་སྙན་གྲགས་གང་སར་ཁྱབ་པས་རྩྭ་ཐང་ཐོག་གི་མི་ཚང་མས་ཁོང་ཚོ་ནི“མི་སེར་ལ་བྱམས་སེམས་འཆང་མཁན་གྱི་དཔུང་སྡེ་ཞིག”རེད་ཅེས་བསྔགས་བརྗོད་བྱེད་ཀྱི་ཡོད།
—— 《བོད་སྐྱོད་དཔའ་བོའི་སྔོན་སྐྱོད་ལེན་ཤོག》ནས་བཏུས་པ།
མི་མེད་ལུང་སྟོང་གི་བྱང་ཐང་དུ་ཀུན་གྱིས་ཤེས་པའི་ས་ཆ་ཞིག་ཡོད། དེ་གར་སྔོན་སྐྱོད་ལེན་ཤོག་གིས་དངོས་ཟོག་གྲབས་གསོག་དང་བརྒྱུད་འདྲེན་རྟེན་གཞི་དང་པོ་བསྐྲུན་པ་རེད། ས་ཆ་དེའི་མིང་ལ་ལེང་ཧྲུའེ་ཆོན་ཟེར།
ལེང་ཧྲུའེ་ཆོན་ནི་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་ཤན་ཆེན་ཤང་པགས་ར་གྲོང་ཚོའི་བྱང་ངོས་ཀྱི་སྤྱི་ལེ་80ཙམ་གྱི་སར་གནས་ཡོད།
ཞོགས་པ་སྔ་པོ་ནས་ང་ཚོ“སྔོན་སྐྱོད་ལེན་ཤོག་གི་རྗེས་ཤུལ་འཚོལ་བ”ཞེས་པའི་བཅར་འདྲི་འཕྲིན་སྤེལ་ཚོགས་ཆུང་ཤན་ཆེན་ཤང་ནས་ཐོན་ཏེ་བྱང་ཕྱོགས་སུ་བསྐྱོད། རླངས་འཁོར་བསྡད་ནས་བསྐྲུན་ཟིན་ལ་ཉེ་བའི་གཞུང་ལམ་བརྒྱུད་སྤྱི་ལེ་80ལྷག་ཙམ་བསྐྱོད་རྗེས་པགས་ར་གྲོང་ཚོ་རྙིང་པའི་འགྲམ་ནས་རླངས་འཁོར་གྱི་འཁོར་རྗེས་དེད་ནས་བྱང་ཤར་ཕྱོགས་སུ་མུ་མཐུད་བསྐྱོད་པ་ཡིན།
ལམ་བར་དུ་རི་བོ་ཞིག་མིག་ལམ་དུ་མངོན་ཞིང་། དེ་ནི་སྐད་གྲགས་ཆོད་པའི“བཅིངས་འགྲོལ་ལ”ཡིན་པ་དང་། དེ་ལས་སྔོན་སྐྱོད་ལེན་ཤོག་གི་འཐབ་འཛིང་པ་དང་ས་གནས་ཀྱི་འབྲོག་པའི་དབར་གྱི་བརྩེ་སེམས་ཟབ་མོ་མཚོན་ཡོད། ཕྱིས་སུ་འབྲོག་པ་ཚོས“རྡོ་མོ་ལ”ལ་བཅིངས་འགྲོལ་ལ་ཞེས་འབོད་པ་ནས་བཟུང་བཅིངས་འགྲོལ་ལ་ཞེས་པའི་མིང་དེ་ད་ལྟ་བར་འབོད་ཀྱི་ཡོད།
བཅིངས་འགྲོལ་ལར་ས་བབ་མཐོ་ཚད་སྨི་5360ཡོད་ཅིང་། ལ་རྩེ་ནས་རྒྱང་རིང་དུ་གནས་པའི་མཚོ་ཞིག་མིག་ལམ་དུ་འཆར་བ་དང་། སྔོ་ཐིང་ཐིང་གི་མཚོ་ཡིས་མཐའ་འཁོར་གྱི་མཛེས་ལྗོངས་ལ་ལྟ་བས་མི་ངོམ་པའི་ངོ་མཚར་ཞིག་སྦྱིན་འདུག
“ལེང་ཧྲུའེ་ཆོན་བར་དུ་ད་དུང་ལམ་ཐག་ཕྱེད་ཀ་བསྐྱོད་དགོས”ཞེས་པགས་ར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་པད་མ་བཀྲ་ཤིས་ཀྱིས་བཤད་བྱུང་།
ཡང་བསྐྱར་རླངས་འཁོར་ལ་བསྡད་དེ་སྤྱི་ལེ་80ལྷག་ཙམ་བསྐྱོད་རྗེས་ལེང་ཧྲུའེ་ཆོན་དུ་འབྱོར། རླངས་འཁོར་ནག་ཁྲ་རི་གཙང་པོའི་འགྲམ་དུ་ཁ་བཀག་ནས་ངལ་གསོ་སྐབས་གཙང་པོའི་ཁ་སྤྲོད་ཀྱི་ལ་ཉག་སྟེང་སྐྱ་ཐེར་ཐེར་གྱི་ས་ཆ་ཞིག་འདུག
“ཕ་གི་ནི་ལེང་ཧྲུའེ་ཆོན་རེད། ས་གནས་ཀྱི་མི་ཚོས་ལ་ཉག་དེར‘ཁྲ་ཁྲ་ཁྲི་སྐོར’ཞེས་འབོད་ཀྱི་ཡོད”ཅེས་པད་མ་བཀྲ་ཤིས་ཀྱིས་བཤད།
ང་ཚོ་རིར་འཛེག་སྐབས་ཁ་ཁུ་སིམ་པས་དབུགས་རྔུབ་གཏོང་གི་སྒྲ་ལས་ཐོས་མི་ཐུབ། རི་རྩེར་སླེབས་རྗེས། པད་མ་བཀྲ་ཤིས་སོགས་ཀྱི་ལམ་སྟོན་འོག་ང་ཚོས་མིས་བཟོས་པའི་ས་ཕུང་ཁ་ཤས་མཐོང་བྱུང་།
“རི་གཤམ་གྱི་ཐང་སྟོང་དེ་ནི་སྔོན་མ་སྔོན་སྐྱོད་ལེན་ཤོག་གི་འཐབ་འཛིང་པའི་གུར་ཕུབ་ས་རེད། འགྲམ་དུ་ད་དུང་ཐབ་བརྒྱབ་པའི་ཤུལ་ཡོད”ཅེས་པད་མ་བཀྲ་ཤིས་ཀྱིས་ང་ཚོར་བཤད་བྱུང་།
ང་ཚོ་དང་མཉམ་དུ་ཡོད་པའི་སྒེར་རྩེ་རྫོང་ཨུད་དྲིལ་བསྒྲགས་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་པ་སངས་ནོར་བུས་རི་སྟེང་དུ་ཡོད་པའི་སྐྱ་ཐེར་ཐེར་གྱི་ས་ཆ་དེར་མཛུབ་མོ་བཙུགས་ཏེ། དེ་ནི་སྔོན་མ་སྔོན་སྐྱོད་ལེན་ཤོག་གི་འཐབ་འཛིང་པ་ཚོས་བསྔོགས་པའི་ས་འོག་མཛོད་ཁང་རེད། ཕྱིས་སུ་བརྡིབས་ནས་སྐྱ་ཐལ་ལེར་གྱུར་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།
ལོ་71འདས་ཀྱང་དེ་སྔའི་སྔོན་སྐྱོད་ལེན་ཤོག་གི་འཐབ་འཛིང་པ་ཚོས་མི་མེད་ལུང་སྟོང་གི་བྱང་ཐང་དུ་ཁ་བ་བུ་ཡུག་ལ་མི་འཛེམ་པ་དང་རི་བརྒལ་ཀླུང་བརྒལ་གྱིས་དམག་འཐབ་བྱེད་མྱོང་བའི་རྣམ་པ་མིག་ལམ་དུ་འཆར།
ཁོང་ཚོས་སྐྲག་སྣང་མེད་པར་མདུན་སྐྱོད་བྱེད་དགོས་དོན་གང་ཡིན་ནམ། ཁོང་ཚོ་རང་སྲོག་བློས་གཏོང་ལ་མི་སྐྲག་པ་གང་ཡིན་ནམ། དེ་ནི་བློ་བརྟན་འགྱུར་མེད་ཀྱི་ཕུགས་བསམ་དང་བླ་ན་མེད་པའི་དད་སེམས་ཡོད་པས་ཡིན།
མངའ་རིས་ས་ཁུལ་རྟེན་རྫས་བཤམས་མཛོད་ཁང་གི་ཀོན་ཀྲང་གཞོན་པ་ཡུས་ཅང་ནི་བོད་སྐྱོད་སྔོན་སྐྱོད་ལེན་ཤོག་དྲན་གསོ་ཁང་གི་སྤྱི་ཁྱབ་ཇུས་འགོད་པ་ཡིན། སྐབས་དེར་འགྲེམས་སྟོན་གྱི་དགོས་མཁོའི་དབང་གིས་ལེང་ཧྲུའེ་ཆོན་དུ་བཅར་འདྲིར་བསྐྱོད་པ་རེད། ཁོང་གིས“ད་ཆའང་དེ་སྔ་འཐབ་འཛིང་པ་ཚོས་བཟོས་པའི་ས་ཕུང་དང་། ལམ། སོ་ལྟ་ཁང་སོགས་ཀྱི་རྗེས་ཤུལ་མཐོང་སྐབས་ང་ཧང་སངས་བྱུང”ཞེས་བཤད།
པད་མ་བཀྲ་ཤིས་ཀྱིས་ང་ཚོར་བཅར་འདྲི་བྱེད་རོགས་བྱས་རྗེས་སླར་ཡང་བྲེལ་འཚུབ་ངང་རྫོང་དུ་ལོག པགས་ར་གྲོང་ཚོ་ནི་མི་མེད་ལུང་སྟོང་ཁུལ་དང་ཐག་ཉེ་ཤོས་ཀྱི་གྲོང་ཚོ་ཞིག་ཡིན་པ་དང་གྲོང་ཚོ་དེར་མི་482ལས་མེད། ད་ཆ་པགས་ར་གྲོང་ཚོ“ས་བབ་མཐོ་བའི་གནས་སྤོའི”འཆར་གཞིའི་ནང་བཅུག་ཡོད། གལ་སྲིད་ཤན་ཆེན་ཤང་དུ་སྤོས་ན་མང་ཚོགས་ཚོས་མོས་མཐུན་བརྒྱ་ཆ་བརྒྱ་བྱེད་ཀྱི་རེད་ཅེས་པད་མ་བཀྲ་ཤིས་ཀྱིས་བརྗོད།