བོད་ཀྱི་སྐར་ལྔའི་དར་དམར་དང་པོ་བསྒྲེང་ཡུལ།
འདི་ནི་འཇོ་མདའ་རྫོང་ཨུད་དྲིལ་བསྒྲགས་པུའི་ལས་དོན་མི་སྣས“ཀྲང་གོ་ཧྭ་ཡིས་བུ་མོ་སྒལ་པར་འཁུར་ནས་བོད་དུ་བསྐྱོད་རྒྱུའི་དམ་བཅའ་བཞག་པའི”གཏམ་རྒྱུད་འགྲེལ་བཤད་རྒྱག་བཞིན་ཡོད་པ།
ལོ་ངོ་70ལྷག་ཙམ་གོང་། ཀོ་གྲུ་རེ་རེའི་ནང“བཅིངས་འགྲོལ་དམག་མི”བཞུགས་ནས་རླབས་ཆེན་གྱི་འགན་འཁྲི་ཕྲག་ཏུ་ཁུར་ཏེ་འབྲི་ཆུ་ལང་ལོང་དུ་རྒྱུག་པའི་སྒྲ་དང་བསྟུན་ནས་གངས་ལྗོངས་ས་མཐོར་བསྐྱོད།
དེས་ན། ཡངས་པའི་ས་གཞི་དེའི་ཐོག་བོད་ཀྱི་སྐར་ལྔའི་དར་དམར་དང་པོ་དེ་དལ་བུར་བསྒྲེངས།
ལོ་ངོ་70ཡི་རྗེས་སུ་སྔོན་གཤེགས་དཔའ་བོའི་རྗེས་ཤུལ་འཚོལ་བ་དང་། གནམ་ས་གསར་པ་གཏོད་ཕོད་པའི་རླབས་ཆེན་སྙིང་སྟོབས་ལ་བསྐྱར་དྲན་བྱེད་སྐབས། ང་ཚོས“བོད་ལ་བཅིངས་འགྲོལ་བཏང་བའི་གྲོང་ཚོ་དང་པོ”སྟེ་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྐམ་ཐོག་གྲོང་ཚོར་མི་སེམས་འགུལ་བའི་རྣམ་པ་ཞིག་མཐོང་བྱུང་བ་སྟེ། ཁྱིམ་ཚང་ཚང་མའི་ཁང་པའི་སྟེང་དུ་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བ་དང་། གྲོང་ཚོ་མཛེས་ལ་མི་སེར་ཕྱུག་པ། ཚང་མས་རྩོལ་ཤུགས་རབ་རྒྱས་ངང་མཛེས་སྡུག་ལྡན་པའི་འཚོ་བའི་ཆེད་དུ་མུ་མཐུད་འབད་བརྩོན་བྱེད་བཞིན་ཡོད་པ་ལ་སོགས་རེད།
གསར་བརྗེའི་རིག་གནས་རྒྱུན་འཛིན་བྱས་ནས།
མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བར་ཕན་ནུས་སྤྲད་པ།
འབྲི་ཆུའི་ངོགས་ཀྱི་སྐམ་ཐོག་གྲོང་ཚོ་ནི་སྔོ་ཐིང་ཐིང་གི་རི་གསེབ་ཏུ་གནས་ཡོད།
འདི་ལོ་ལོ་66ལ་སླེབས་པའི་གྲོང་མི་རྡོ་དཀར་གྱིས་མེ་ཏོག་ལ་ཆུ་རྒྱག་པ་དང་། རྩྭ་ངན་བཀོག་པ། སྒོ་རའི་ནང་གཙང་སྦྲ་བཅས་བྱེད་ཞོར་དུ་མིག་ཟུང་གྲོང་ཚོའི་སྲང་ལམ་ལ་ཡང་ཡང་བལྟ་བཞིན་ཡོད།
རྡོ་དཀར་གྱི་ཁྱིམ་ནི་བོད་བཟོའི་ཁྱད་ཆོས་ལྡན་པའི་རྡོ་དང་ཤིང་ལས་གྲུབ་པའི་ཐོག་སོ་ཉིས་ལྡན་གྱི་ཁང་པ་ཞིག་ཡིན་པ་དང་ཁང་པའི་རྒྱབ་མདུན་གཙང་ལ་གྲལ་སྟར་འགྲིག་པོ་ཞིག་ཡོད།
ཐོག་སོ་གཉིས་པའི་ཉི་ཁྱམས་སུ་འཛེགས་ནས་བལྟས་ན་རི་ཆུ་འཛོམས་པ་དང་སྒྲིག་བཀོད་ཆ་ཚང་བའི་ཁྱད་ལྡན་གྲོང་རྡལ་ཆུང་ངུའི་རྣམ་པ་མིག་ལམ་དུ་ཡོངས་སུ་མངོན་གྱི་ཡོད།
ས་གནས་དེ་གའི་གསར་བརྗེའི་ཡུལ་སྐོར་གྱི་སྣེ་ཁྲིད་འོག་དར་རྒྱས་འགྲོ་བཞིན་པའི“བོད་སྐྱོད་ཁྱིམ་ཚང”གི་རིག་གནས་ཉམས་ལེན་ཞབས་ཞུ་ལས་གྲོང་མི་ཚོར་དངོས་དངོས་རྗེན་རྗེན་གྱི་སྐྱིད་སྣང་དང་ཐོབ་སྣང་ཉམས་སུ་མྱོང་རྒྱུ་ཡོད།
རྡོ་དཀར་གྱི་བུ་གཉིས་སྔ་རྗེས་སུ་སློབ་ཆེན་ཐོན་པ་དང་། བུ་རྒན་པ་ཆབ་མདོར་ཉེན་རྟོག་པ་བྱེད་པ་དང་། བུ་ཆུང་བ་ན་ནིང་གཞུང་གི་ལས་ཀར་ཞུགས་ནས་ཁྲུང་ཆིང་གྲོང་ཁྱེར་གྱི་ཤང་དང་གྲོང་རྡལ་དུ་ལས་ཀ་བྱེད་པར་བསྐྱོད་པ་རེད།
དེ་དང་འདྲ་བར་གྲོང་ཚོའི་དུད་ཚང་ཚང་མར་སློབ་ཆེན་སློབ་མ་དང་ཁེ་ལས་དང་བྱ་གཞག་ཚན་པར་རྒྱུགས་འཕྲོད་པའི་བུ་ཕྲུག་ཡོད་ལ་རླངས་འཁོར་ཡང་ཡོད་པ་རེད། གྲོང་མི་ཚོས་ས་ཞིང་འདེབས་པ་དང་གསོ་ཚགས་བྱས་པའི་ཡོང་འབབ་ཕུད། གླ་པ་རྒྱུག་པའི་ཡོང་འབབ་ཀྱང་ལོ་རེ་བཞིན་མང་དུ་འགྲོ་བཞིན་ཡོད།
རྡོ་དཀར་གྱིས“གོས་ཀྱིས་ལུས་མི་དྲོས་པ་ནས་ད་ཆའི་ལྟོ་གོས་འཛོམས་པའི་བར་ནི་གུང་ཁྲན་ཏང་གི་བཀའ་དྲིན་རེད། འཚོ་བ་སྐྱིད་པོ་འདི་འདྲ་སྐྱེལ་རྒྱུ་བྱུང་བས་གསར་བརྗེའི་ལོ་རྒྱུས་གཏན་ནས་བརྗེད་མི་རུང”ཞེས་བཤད།
བཅིངས་འགྲོལ་མ་བཏང་གོང་། སྐམ་ཐོག་གྲོང་ཚོ་ནི་བོད་ཀྱི་ས་ཆ་གཞན་དང་འདྲ་བར་མང་ཚོགས་རྣམས་མུན་ནག་གི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་ནང་འཚོ་བ་སྐྱེལ་གྱི་ཡོད། སྐམ་ཐོག་གྲོང་ཚོའི་གསར་སྐྱེས་པ་ཚོ་ནི་ལོ་རྒྱུས་དེབ་ཐེར་ནང་འཁོད་པའི“སྐམ་ཐོག་དམག་འཐབ”ནས་འགོ་ཚུགས་ཡོད།
དམག་འཐབ་དེས“བོད་ལ་བཅིངས་འགྲོལ་བཏང་བའི་གྲོང་ཚོ་དང་པོ”བཏོད་པ་དང་། སྐམ་ཐོག་གྲོང་ཚོར་སྐར་ལྔའི་དར་དམར་དང་པོ་དེ་བསྒྲེངས་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་ཉིན་རེ་ལས་མ་འདས་པར་འཕེལ་རྒྱས་དང་འཕོ་འགྱུར་བྱུང་ཡོད།
ད་ཆ་སྐམ་ཐོག་གྲོང་ཚོར་ཡངས་ཤིང་རྒྱ་ཆེ་བའི་ཨར་འདམ་ལམ་གྲོང་ཚོའི་སྲང་ལམ་གང་སར་བཏིང་ཡོད་པ་དང་། གྲལ་སྟར་འགྲིག་པའི་གྲོང་མིའི་ཐོག་བརྩེགས་ཁང་ཆེན་འགྱིང་ངེར་གནས་པ། ཁྱིམ་ཚང་ཚང་མའི་ཐོག་ཁར་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བ་བཅས་ལས་སྐམ་ཐོག་གསར་པ་དང་། ཆབ་མདོ་གསར་པ། བོད་ལྗོངས་གསར་པ་བཅས་ཀྱི་འཕོ་འགྱུར་མཚོན་ཡོད།
ཉེ་བའི་ལོ་ཤས་རིང་། གྲོང་ཚོ་ཡོངས་ཀྱིས“གསར་བརྗེའི་ཡུལ་སྐོར་བྱེད་མང་བའི་ས་ཆ”ཧུར་ཐག་བཏོད་པས་ཡུལ་སྐོར་དུ་ཡོང་མཁན་མང་དུ་ཕྱིན་ནས་འདི་ལོའི་ཟླ་5པ་ནས་ཟླ་7པའི་བར་ཡུལ་སྐོར་བ་མི་ཐེངས་ཁྲི་2ལྷག་ཙམ་ཟིན་ཡོད། མཛེས་སྡུག་ལྡན་པའི་འཚོ་བར་ནུས་པ་སྦྱིན་པ་དང་གསར་བརྗེའི་རིག་གནས་ཀྱིས་སྐམ་ཐོག་བ་ཚོའི་བསམ་པའི་རྒྱུ་ནོར་དང་དངོས་པོའི་རྒྱུ་ནོར་ཕུན་སུམ་ཚོགས་སུ་བཏང་ཡོད།
གསར་བརྗེའི་ཐོན་ཁུངས་བེད་སྤྱོད་བྱས་ནས།
ནུས་ཤུཌ་ཡོད་རྒུས“ཡུལ་སྐོར་གྲགས་ཅན་གྲོང་ཚོ”བཏོད་པ།
སྐམ་ཐོག་གྲོང་ཚོའི་མདོ་ནས་ལྷོ་རྒྱུད་དུ་ལང་ལོང་དུ་རྒྱུག་པའི་འབྲི་ཆུ་དེས་སི་ཁྲོན་དང་བོད་འབྲེལ་བའི་ཤར་ནུབ་གྲུ་ཁ་ཞིག་ཆཌ་པ་དང་། གྲགས་ཅན་གྱི“སྐམ་ཐོག་དམག་འཐབ”ཀྱང་དེ་གར་ལངས་ཡོད།
1950ལོར་བོད་ས་གནས་སྲིད་གཞུང་གིས་ཞི་བའི་གྲོས་མོལ་བྱེད་མཁན་ཕོ་ཉ་བསད་པ་དང་། འབྲི་ཆུའི་ངོགས་སུ་དམག་མི་བཀྲམ་ནས། དམག་སྡེ་བཅོ་བརྒྱད་པའི་ཞི་བའི་དཔུང་སྐྱོད་ཀྱི་གོམ་སྟབས་གནས་སྐབས་འབྲི་ཆུའི་ངོགས་སུ་བཀག
དམག་སྡེ་བཅོ་བརྒྱད་པས་བོད་སྐྱོད་བྱེད་ཕྱོགས་བློ་ལ་བརྟན་པོར་ངེས་ནས་གྲོས་མོལ་ཐེངས་མང་བྱས་ཀྱང་ཕན་འབྲས་གང་ཡང་མ་ཐོན་པའི་གནས་ཚུལ་འོག་འབྲི་ཆུ་བརྒལ་རྒྱུའི་སེམས་ཐག་བཅད། འབྲི་ཆུ་བརྒལ་སྐབས་བོད་དམག་གིས་རྒོལ་ལན་སློག་པའི་ཁྲོད་དུ་ཀོ་གྲུ་ཞིག་ལ་མེ་མདའ་ཕོག་ནས་འཐབ་འཛིང་པ་15སྟབས་མ་ལེགས་པར་ཆུར་ལྷུངས་ནས་ཚེ་སྲོག་ཤོར་བ་རེད། གང་མགྱོགས་རྒྱལ་ཁ་ལེན་ཆེད། དམག་སྡེ་བཅོ་བརྒྱད་པས་མེ་སྒྱོགས་ལ་བརྟེན་ནས་ཞའོ་ཧྲི་རི་བོ་དང་ཐོག་ཁང་དུ་ཡོད་པའི་བོད་དམག་གཅིག་སྡུད་ཐོག་བཙན་གནོན་བྱས་པས། ས་སྲོས་ཙམ་དུ་བོད་དམག་ཕམ་ནས་བྲོས།
ད་ཆ་འབྲི་ཆུའི་ངོགས་ཀྱི་ཞའོ་ཧྲི་རི་བོར“བོད་ལྗོངས”ཞེས་པའི་ཡིག་འབྲུ་ཆེན་པོ་དམར་པོ་གཉིས་བརྐོས་ཡོད་པ་དེས་འཛམ་གླིང་སྐྱེ་བོ་ཀུན་ལ་རླབས་ཆེན་གྱི་གསར་བརྗེའི་སྙིང་སྟོབས་ནམ་ཡང་མི་ཉམས་པ་ཁྱབ་བསྒྲགས་བྱས་ཡོད།
འཇོ་མདའ་རྫོང་ཨུད་དྲིལ་བསྒྲགས་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་ལིན་ཧྲའོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། སྐམ་ཐོག་གྲོང་རྡལ་གྱིས་མིག་སྔར་དམག་སྡེ་བཅོ་བརྒྱད་པའི་འབྲི་ཆུ་སྒྲོལ་ཡུལ་དང་དམག་སྒར་གྱི་གནས་ཡུལ་རྙིང་པ་སོགས་གཙོ་གནད་གསར་བརྗེའི་མཛེས་ལྗོངས་ཁུལ་བཏོད་ཡོད། དམག་སྡེ་བཅོ་བརྒྱད་པའི་འབྲི་ཆུ་སྒྲོལ་ཡུལ་རྙིང་པར་དམག་སྡེ་བཅོ་བརྒྱད་པའི་དཔའ་ངར་ཞུམ་མེད་དང་ཚེ་སྲོག་ཤོར་བར་མི་འཛེམ་པའི་བརྐོས་བརྙན་ཆེ་གྲས་བསྐྲུན་ཡོད་པ་དང་དེ་སྔའི་བཅིངས་འགྲོལ་དམག་གི་མཁར་རྫོང་ཡང་གསར་བརྗེའི་དྲན་ཤེས་འགྲེམས་སྟོན་ཁང་དུ་བསྒྱུར་ཡོད། དམག་སྡེ་བཅོ་བརྒྱད་པའི་དམག་སྒར་གྱི་གནས་ཡུལ་རྙིང་པར་དམག་སྡེ་བཅོ་བརྒྱད་པས་སྐམ་ཐོག་ལ་བཅིངས་འགྲོལ་བཏང་བའི་འགྲེམས་ཁང་དང་དམག་སྒར་གྱི་སླར་གསོ་ཁང་སོགས་བཙུགས་ནས་འབྲེལ་ཡོད་ལོ་རྒྱུས་ཀྱི་ཚད་ལྡན་ཡིག་ཆ་དང་། ལོ་རྒྱུས་ཀྱི་དངོས་པོ། བརྙན་པར་དཔྱད་གཞི་བཅས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པ་རེད།
“གསར་བརྗེའི་གནས་ཡུལ་རྙིང་པ་དེ་དག་ནི་འཇོ་མདའ་རྫོང་གི་མང་ཚོགས་ཉེ་འགྲམ་གྱི་གསར་བརྗེའི་གཏམ་རྒྱུད་ཅིག་ཡིན་པ་དེར་ཏང་གི་ལོ་ངོ་བརྒྱའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་དྲིལ་བསྒྲགས་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད”ཅེས་ལིན་ཧྲའོ་ཡིས་བཤད་ཅིང་། ཁོང་གིས་འཇོ་མདའ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཉེ་བའི་ལོ་ཤས་རིང་གསར་བརྗེའི་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། འདི་གར་གསར་བརྗེའི་རིག་གནས་རྗེས་དྲན་དང་། གསར་བརྗེའི་སྙིང་སྟོབས་མྱོང་ཚོར། བོད་ཤར་རྒྱུད་ཀྱི་ཡུལ་སྲོལ་གོམས་གཤིས་ཉམས་ལེན་བཅས་བྱེད་པར་ཡོང་མཁན་ལས་བྱེད་པ་དང་མང་ཚོགས་དང་ཡུལ་སྐོར་བ་ལོ་རེ་བཞིན་མང་དུ་ཕྱིན་ནས“བོད་ལ་བཅིངས་འགྲོལ་བཏང་བའི་གྲོང་ཚོ་དང་པོ”དང“བོད་ཀྱི་སྐར་ལྔའི་དར་དམར་དང་པོ་བསྒྲེང་ཡུལ”གྱི་ཤུགས་རྐྱེན་ཆེ་རུ་ཕྱིན་ཡོད་ཅེས་བཤད།
གསར་བརྗེའི་སྲོལ་རྒྱུན་དར་སྤེལ་བཏང་ནས།
བདེ་སྐྱིད་ལྡན་པའི་འཚོ་བ་གསར་པར་བསྟོད་གླུ་ཕུལ་བ།
དུས་རབས་གསར་པའི་སྐམ་ཐོག་གི་གསར་བརྗེའི་རིག་གནས་ནི་འགྲེམས་སྟོན་བྱས་པའི་བརྗིད་ཉམས་ལྡན་པའི་རི་མོ་ཞིག་དང་གཉིས་སུ་མ་མཆིས།
སྐམ་ཐོག་གྲོང་ཚོའི་གཙང་འགྲམ་དུ་བསྐྲུན་པའི་དམག་སྡེ་བཅོ་བརྒྱད་པའི་གྲུ་ཁའི་གསར་བརྗེའི་རྗེས་ཤུལ་སྤྱི་གླིང་དུ་གྲོང་ཚོ་ཡོངས་ཀྱིས་གཟའ་འཁོར་རེར་རྒྱལ་དར་སྒྲེང་བའི་མཛད་སྒོ་ཐེངས་རེ་དུས་བཀག་ལྟར་ཚོགས་ཀྱི་ཡོད།
དུས་ཚོད་ཐུང་ལ་རྣམ་པ་གཟབ་པའི་རྒྱལ་དར་སྒྲེང་བའི་མཛད་སྒོ་མཇུག་འགྲིལ་རྗེས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ་གྲོང་ཚོ་ཨུ་ལྷན་གྱིས་སྒྲིག་འཛུགས་བྱས་པའི་ཁྱད་ལྡན་ཏང་གི་སློབ་ཚན་གྱི“གསར་བརྗེའི་གཏམ་རྒྱུད”སྤེལ་རེས་ཚོགས་འདུ་འཕྲལ་མར་འཚོགས་པ་རེད།
“1950ལོར། ཀྲང་གོ་ཧྭས་བུ་མོ་སྒལ་པར་འཁུར་ནས་རང་ཉིད་དང་བཟའ་ཟླ་བོད་ལ་བསྐྱོད་རྒྱུ་མ་ཟད་ད་དུང་བུ་མོ་ཆུང་ཆུང་ཡང་བོད་ལ་ཁྲིད་རྒྱུའི་དམ་བཅའ་བཞག་མོད། དཔུང་སྐྱོད་ཁྲོད་ཁོང་གི་ལོ་3ལ་སླེབས་པའི་བུ་མོར་ཚ་བ་རྒྱས་ནས་ཡུན་རིང་མ་འཇགས་མཐར་སྐུ་གཤེགས་པས་དེ་ནི་དམག་སྡེ་བཅོ་བརྒྱད་པའི་སྔོན་གཤེགས་དཔའ་བོ་ལོ་ན་ཕྲ་ཤོས་ལ་གྱུར་ཡོད”
“དམག་སྡེ་བཅོ་བརྒྱད་པ་བོད་དུ་སྐྱོད་སྐབས། ཀྲོའུ་ཏཱ་ཤིན་བོད་སྐད་ལ་བྱང་ཆུབ་ཅིང་ས་རྒྱུས་ཡོད་པས་སྐད་སྒྱུར་བ་དང་ལམ་སྟོན་པ་དང་མྱུལ་ཞིབ་པ་སོགས་ཀྱི་འགན་གཅིག་ལྕོགས་འཁུར་བ་དང་མཇུག་མཐར་གངས་རིའི་རྒྱུད་དུ་སྐུ་གཤེགས་པ་དང་། ཁོང་གིས་བོད་རིགས་ཆུང་མར་བསྐུར་བའི་ཡི་གེའི་ནང་། ངས་དམར་དམག་གཙོ་འཛིན་གྱིས་ང་ལ་གནང་བའི་མཛུབ་ཁྲིད་དང་ཁྱེད་ཀྱིས་ང་ལ་བཅངས་པའི་བརྩེ་དུང་སྟོང་ཟད་དུ་བཏང་མེད། སེམས་སྡུག་མ་བྱེད། ནམ་ཡང་ཏང་གི་རྗེས་སུ་འབྲོངས་ཞེས་བྲིས་ཡོད་པ་རེད”
རྣ་བར་འཇགས་པའི་གསར་བརྗེའི་གཏམ་རྒྱུད་འདི་དག་ཏང་ཡོན་ཡུལ་མི་ཚོས་འཚང་ཁ་ཤིག་ཤིག་གིས་བཤད་པ་དང་། གསར་བརྗེའི་དྲན་ཤེས་མང་པོ་ལས་ཏང་ལ་དགའ་ཞེན་ཚད་མེད་ཡོད་པ་མངོན།
གླེང་རིན་ཡོད་པ་ཞིག་ལ། སྐམ་ཐོག་དམག་སྡེ་བཅོ་བརྒྱད་པའི་དམག་སྒར་གྱི་གནས་ཡུལ་རྙིང་པའི་ནང་དུ། སེམས་འགུལ་ཐེབས་པའི་གསར་བརྗེའི་གཏམ་རྒྱུད་འདི་དག་འཚོལ་བསྡུ་བྱས་ཡོད་པ་མ་ཟད། འདི་ལོར་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་མཚམས་སུ་གནས་ཡུལ་རྙིང་པ་དེ་རྒྱལ་ཡོངས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དཔེ་སྟོན་རྟེན་གཞིར་བདམས་པ་རེད།
སྐམ་ཐོག་གྲོང་རྡལ་ཏང་ཨུད་ཀྱི་ཨུ་ཡོན་ཀྲོའུ་ཆིང་ཡུན་གྱིས། ཉེ་བའི་ལོ་ཤས་རིང་། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་མཐོང་ཆེན་དང་གྲོང་མི་མང་ཚོགས་ཧུར་ཐག་ཞུགས་པའི་འོག སྐམ་ཐོག་གྲོང་ཚོའི་གསར་བརྗེའི་ཐོན་ཁུངས་སྲུང་སྐྱོང་བེད་སྤྱོད་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས་ཡུལ་སྐོར་འཕེལ་རྒྱས་ཀྱི་མ་དངུལ་སྒོར་ཁྲི་5000ལྷག་ཙམ་རག་པ་དང་ཆབས་ཅིག “རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གཙོ་གནད་གྲོང་ཚོ”ཡིན་པའི་ཆ་ནས་རྫོང་གིས་སྔར་བས་ལྷག་པའི་རོགས་སྐྱོར་གནང་གི་འདུག་ཅེས་ངོ་སྤྲོད་བྱས་པ་རེད།
ད་ཆ། སྐམ་ཐོག་གྲོང་ཚོ་ཚུད་པའི་འཇོ་མདའ་རྫོང་དུ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་བསྟུད་མར་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཕུ་ཐག་བཅད་དེ་དུད་ཚང་1040ཙམ་གྱི་མང་ཚོགས་4402གནད་སྨིན་དབུལ་སྒྲོལ་ཐུབ་པ། 2020ལོར་འབྲི་ཆུའི་རྒྱུད་ཀྱི་རྫོང་རིམ་པའི་གཞུང་ལམ་བཟོས་ནས་སྐམ་ཐོག་གྲོང་ཚོ་ཚུད་པའི་ཤང་དང་གྲོང་རྡལ་ལྔ་ཡི་གྲོང་ཚོ་དང་གྲོང་ལྷན་ཁག་ཏུ་ཤར་གཏོང་ཐུབ་པས་གཞི་རིམ་འཕེལ་རྒྱས་མྱུར་ལམ་དུ་སྐྱོད་པ། 2020ལོར་སྐམ་ཐོག་གྲོང་རྡལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི་14351ཟིན་ནས་ཞིང་འབྲོག་པ་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་12552ཟིན་པ་སོགས་རེད།
འགན་འཁུར་རྩོམ་སྒྲིག་པ། 次旦多吉
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣