དབུ་ཤོག>ཆེད་སྒྲིག
  • བསེ་འཁོར་གྱོན་ཆས་ལས་འབྲོག་པའི་འཚོ་བ་གསར་པ་མངོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-07

    1030452_yis_1630944000000_s.jpg

    འདི་ནི་བསེ་འཁོར་གྱོན་ཆས་གྱོན་པའི་སྒེར་རྩེའི་གཞོན་ནུ་མ་ཡིན་པ།

    འབྲས་ལྡན་དུས་སུ། སྔོན་སྐྱོད་ལེན་ཤོག་གང་དུ་སླེབས་ཀྱང་དེ་གའི་མང་ཚོགས་ལ་བ་ཚང་ཉམས་བཟོ་དང་། འོ་མ་འཇོ་བ། ཞོ་དཀྲོག་པ། བལ་འབྲེག་པ། མེ་ཤིང་འཐུ་བ། ཕྱུགས་འཚོ་བ། ནོར་ལུག་ལ་གཡོག་བྱེད་བཅས་བྱེད་རོགས་བྱེད་ཀྱི་ཡོད། འབྲས་ལྡན་སྟོན་གྱི་དུས་ནི་བོད་རིགས་མང་ཚོགས་དང་འབྲེལ་གཏུག་བྱེད་པའི་གོ་སྐབས་ཡག་པོ་ཞིག་ཡིན་ཞིང་། མི་སེར་ཚོ་དང་མཉམ་དུ་ངལ་རྩོལ་བྱེད་རིང་རྣམ་ཀུན་འཛུགས་མི་ཐུབ་པའི་མཛའ་བརྩེའི་འབྲེལ་ཟམ་འཛུགས་ཐུབ་པ་དང་ཆབས་ཅིག་སྤྱི་ཚོགས་ཀྱི་གནས་ཚུལ་མི་ཉུང་བ་ཞིག་ཤེས་ཐུབ་པ་མ་ཟད། ད་དུང་བོད་སྐད་ཚིག་འགའ་ཤས་ཀྱང་ཤེས་ཀྱི་ཡོད།

    ལེན་ཤོག་ཡོངས་ཀྱི་བློ་མཐུན་ཚོའི་བོད་སྐད་སྦྱོང་བའི་སྤྲོ་སེམས་ཇེ་ཆེར་འཕེལ་ཞིང་། ཁོང་ཚོས་ལེན་ཤོག་གི་བོད་རིགས་སྐད་སྒྱུར་བ་ཆའོ་ཏེ་ལུའུ་དང་བཀྲ་ཤིས་ཕུན་ཚོགས་དགེ་རྒན་ལ་གདན་དྲངས་ཏེ། པང་ལེབ་ཐེབས་ཆག་ཅིག་གིས་ནག་པང་བྱེད་པ་དང་སོལ་བས་ས་སྨྱུག་གི་ཚབ་བྱས་ནས་བོད་ཡིག་གི་གསལ་བྱེད་དང་ཐ་སྙད་རེ་རེ་བཞིན་སྦྱོང་བ་དང་བློ་འཛིན་བྱེད་པ་མ་ཟད། ད་དུང་ཕན་ཚུན་དྲི་བ་བཏོན་ནས་བློ་ལ་དེ་བས་བརྟན་པོ་ངེས་པ་བྱེད་ཀྱི་ཡོད། བློ་མཐུན་ལ་ལས་ཐ་ན་ཁ་ལག་ཟ་བ་དང་ཉལ་བའི་སྐབས་སུའང་བོད་ཡིག་གི་ཐ་སྙད་བློ་འཛིན་བྱེད་ཀྱི་ཡོད་པས་བོད་ཡིག་སྦྱོང་བར་སྤྲོ་བ་ཆེན་པོ་ཡོད། 

    —— 《བོད་སྐྱོད་དཔའ་བོའི་སྔོན་སྐྱོད་ལེན་ཤོག》ནས་བཏུས།

    བྱང་ཐང་གི་དབུས་སུ་གནས་པའི་སྒེར་རྩེ་རྫོང་ནི“སྔོན་སྐྱོད་ལེན་ཤོག་གི་སྙིང་སྟོབས”ཀྱི་འབྱུང་གནས་ཡིན་པ་མ་ཟད། དེ་གར་ད་དུང་བསེ་འཁོར་དང་། སྤང་པ། སྒེར་རྩེ་བཅས་ཚོ་པ་གསུམ་གྱི་གཏམ་རྒྱུད་ཀྱང་ཁྱབ་ཡོད།

    དེ་གའི་འབྲོག་པ་མི་ཉུང་བ་ཞིག་ནི་སྔོན་ཆད་མཚོ་སྔོན་ཞིང་ཆེན་དང་ཆབ་མདོ་དང་ནག་ཆུ་སོགས་ནས་རིམ་གྱིས་འདི་གར་གནས་སྤོས་ཏེ་གཞིས་ཆགས་པ་ཞིག་རེད།

    དེར་བརྟེན་སྒེར་རྩེ་རྫོང་དུ་ཡུལ་སྐད་རིགས་5དར་ཡོད།

    དེའི་ཁྲོད་ནས་བསེ་འཁོར་ཚོ་པ་ནི་སྒེར་རྩེ་རྒྱུད་ཀྱི་ཆེས་སྔ་བའི་ཚོ་པའི་ཚོགས་སྤྱི་ཞིག་རེད། ཁོང་ཚོས་རང་ཉིད་ནི་གླིང་རྗེ་གེ་སར་རྒྱལ་པོའི་བཙུན་མོ་སེང་ལྕམ་འབྲུག་མོའི་ཞབས་ཕྱི་དུད་ཚང་7པོ་ཡིན་པར་བརྗོད་པ་དང་། སྒེར་རྩེ་རྫོང་མ་མིག་ཤང་གི་རྒྱུད་དུ་འཚོ་སྡོད་བྱེད་བཞིན་ཡོད་པས“བསེ་འཁོར་ཚོ་པ”ཞེས་འབོད་ཀྱི་ཡོད།

    སེང་ལྕམ་འབྲུག་མོ་ནི་བོད་ཀྱི་ལོ་རྒྱུས་ཤོད་རྒྱུན་ཁྲོད་ཀྱི་ཁྱད་དུ་འཕགས་པའི་མཛེས་མ་ཞིག་དང་གླིང་རྗེ་གེ་སར་རྒྱལ་པོའི་བཙུན་མོ་རེད། ཤོད་སྲོལ་ལྟར་ན་སེང་ལྕམ་འབྲུག་མོ་དགུང་དུ་གཤེགས་སྐབས་འཇའ་ཚོན་ལྟར་མཛེས་སྡུག་རྣམ་པར་བཀྲ་བའི་བསེ་འཁོར་གྱི་ན་བཟའ་མནབས་ཡོད་ཟེར། ངག་རྒྱུན་དེ་སྒེར་རྩེ་རྫོང་གི་མ་མིག་ཤང་དང་འོ་མ་ཤང་དུ་མི་རབས་ནས་མི་རབས་བར་བརྒྱུད་ཡོད་པ་དང་ད་བར་ལོ་ངོ་1300ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད།

    2013ལོར་བསེ་འཁོར་གྱོན་ཆས་དེ་བོད་རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཁོངས་སུ་བཅུག་ནས་སྒེར་རྩེ་རྫོང་གི་ཚབ་མཚོན་རང་བཞིན་ལྡན་ཤོས་ཀྱི་རིག་གནས་མཚོན་རྟགས་ཀྱི་གྲས་ཤིག་ཏུ་གྱུར་ཡོད།

    ང་ཚོ“སྔོན་སྐྱོད་ལེན་ཤོག་གི་ཞབས་རྗེས་འཚོལ་བའི”བཅར་འདྲི་ཚོགས་ཆུང་གིས་སྒེར་རྩེ་རྫོང་གི་མང་ཚོགས་ལམ་གྱི་སྲང་ལམ་ཞིག་ནས་བསེ་འཁོར་གྱོན་ཆས་ཀྱི་རྒྱུན་འཛིན་པ་བསོད་ནམས་དཔལ་སྐྱིད་ལ་བཅར་འདྲི་བྱས་པ་ཡིན། མི་ལོ་60ཡི་རིང་ཁོང་གིས་སེམས་ནུས་ཡོད་ཚད་གནའ་བོའི་ལག་ཤེས་དེ་རྒྱུན་འཛིན་དང་དར་སྤེལ་གཏོང་བར་གཞོལ་ཡོད།

    བསོད་ནམས་དཔལ་སྐྱིད་ཀྱི་འཚེམ་ཁང་ནི་ཧ་ཅང་བཀྲག་མདངས་ཆེ་བ་ཞིག་ཡོད་ཅིང་། འཚེམ་འཁོར་གྱི་མདུན་དུ་བུད་མེད་འཚེམ་བཟོ་བ་གསུམ་གྱིས་ཚོན་མདོག་རྣམ་པར་བཀྲ་བའི་རས་ཆ་སྒྲིག་གཤོམ་བྱེད་བཞིན་ཡོད་པ་དང་། གྱང་སྟེང་དུ་བཙེམས་ཟིན་པའི་གྱོན་ཆས་མཚར་པོ་ཁ་ཤས་བཀལ་འདུག

    བསོད་ནམས་དཔལ་སྐྱིད་འདི་ལོ་ལོ་62ལ་སླེབས་པ་དང་སྒེར་རྩེ་རྫོང་མ་མིག་ཤང་ནས་རེད། ཁོང་གི་བཟའ་ཟླ་ལྷ་དར་གྱི་ཁྱིམ་རྒྱུད་ནི་བསེ་འཁོར་གྱོན་ཆས་འཚེམ་མཁན་ཡིན་པ་དང་ད་བར་ཁོང་ཚོ་མི་རབས་7གྱིས་ལས་དེར་གཞོལ་ཡོད།

    བསོད་ནམས་དཔལ་སྐྱིད་ལོ་19ལ་སླེབས་པའི་ལོ་དེར་ལྷ་དར་གྱི་མནའ་མར་ཕྱིན་པ་དང་། དུས་དེ་ནས་བཟུང་ལག་ཤེས་དེ་དང་ལས་འབྲེལ་ཟབ་མོ་བྱུང་། བསེ་འཁོར་གྱོན་ཆས་འཚེམ་པའི་ལག་ཤེས་རྒྱུན་འཛིན་བྱས་ཚུལ་དང་ཁྱད་ཆོས་སྐོར་འདྲི་སྐབས་ཁོང་གིས་རང་ཉིད་ཀྱི་གནས་ཚུལ་ལྷུག་པོར་གླེང་།

    2012ལོར་བསོད་ནམས་དཔལ་སྐྱིད་ནང་མི་ཚོ་དང་བཅས་པ་མ་མིག་ཤང་ནས་རྫོང་གྲོང་དུ་སྤོས་པ་དང་། བཟའ་ཟླ་ལྷ་དར་2013ལོར་གྲོངས་རྗེས་ཁོང་དང་བུ་མོ་ཆེ་བ་ཚེ་བརྟན་སྒྲོལ་དཀར་གཉིས་ཀྱིས་རྒྱུན་འཛིན་པ་དངོས་ཀྱི་ངོས་ནས“བཀྲག་མདངས་འཚེར་བའི”ཁྱིམ་གྱི་བྱ་གཞག་དེ་མུ་མཐུད་རྒྱུན་འཛིན་ཧུར་ཐག་བྱས།

    བསེ་འཁོར་གྱོན་ཆས་ནི་དམར་པོ་དང་། ལྗང་ཁུ། ནག་པོ། སེར་པོ། སྔོན་པོ་བཅས་ཚོན་སྣ་ལྔ་ལས་གྲུབ་པས“ཚོན་མདོག་རྣམ་པར་བཀྲ་བའི་འཇའ་ཚོན་སྣ་ལྔའི་གྱོན་ཆས”ཞེས་ཀྱང་བརྗོད་ཀྱི་ཡོད།

    སྒེར་རྩེ་རྫོང་ནི་བོད་བྱང་ཐང་གི་ལྟེ་བའི་ཁུལ་དུ་གཏོགས་ཤིང་། སྔོ་ཞིང་བསངས་པའི་ནམ་མཁར་སྤྲིན་དཀར་ཐོར་བུ་གཡོ་བ་དང་། གངས་རི་གཅིག་ལ་གཅིག་འབྲེལ་ཡིན་པ། ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་ཐོག་གཙོད་དང་རྐྱང་ཁྱུ་དང་ཁྱུ་ཅི་དགར་རོལ་ནས་བག་ཕེབས་ངང་འཚོ་བཞིན་ཡོད་པས། དེ་གར་ནི་འབྲོག་པའི་ཁྱིམ་གཞིས་རེད་ལ་རི་སྐྱེས་སྲོག་ཆགས་ཀྱི་དགའ་ཚལ་ཡང་རེད།

    སྐྱས་སྤོའི་མི་རིགས་ཚོས་དུས་ཡུན་རིང་པོའི་ཐོན་སྐྱེད་དང་འཚོ་བའི་ཁྲོད། པགས་ཚག་གི་ཕྱུ་པ་བཟོས་ནས་གྲང་ངར་འགོག་ཐབས་བྱེད་པ་མ་ཟད། རང་ཉིད་ཀྱི་མཛེས་ཆོས་ལྟ་སྟངས་ལ་གཞིགས་ནས་ཕྱུ་པ་དེ་བས་སྙིང་རྗེ་རུ་དང་ལྟ་སྣང་དོད་དུ་བཏང་བས། བསེ་འཁོར་གྱོན་ཆས་ལ་དམིགས་སུ་ཡོད་པའི་མཛེས་སྡུག་དང་ཡིད་དབང་འཕྲོག་ཤུགས་རིམ་གྱིས་ལྡན་པར་གྱུར། དེ་ནི་རིག་གནས་ཀྱི་ལྟ་སྟངས་ནས་བརྗོད་ན་བོད་རིགས་ཀྱི་མཛེས་མའི་ཕུད་སེང་ལྕམ་འབྲུག་མོ་དང་ངོ་མཚར་ཆེ་བའི་འབྲེལ་བ་ཞིག་ཆགས་པ་རེད།

    ང་ཚོས་རྫོང་དུ་བཅར་འདྲི་བྱེད་སྐབས་ཤེས་རྟོགས་བྱུང་བར། དམངས་སྲོལ་རིགས་གཅིག་མཁས་ཅན་འགའ་ཞིག་གིས་ཀྱང་བསེ་འཁོར་གྱོན་ཆས་ནི་ཞང་ཞུང་གི་དུས་མཇུག་གམ་ཡང་ན་གུ་གེའི་རྒྱལ་རབས་ཀྱི་བཙུན་མོའི་གྱོན་ཆས་ནས་རིམ་འགྱུར་བྱུང་བ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།

    ཤོད་སྲོལ་འདྲ་མིན་སྣ་ཚོགས་གང་ཡོད་རུང་། བསེ་འཁོར་གྱོན་ཆས་ནི་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གཞན་ཞིག་ཡིན་པའི་ངོས་ནས། དུས་རབས་གསར་པར་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་རྒྱབ་སྐྱོར་དང་སྲུང་སྐྱོང་ཤུགས་ཆེན་ཐོབ་པ་དང་། དེའི་རྒྱུན་འཛིན་པ་བསོད་ནམས་དཔལ་སྐྱིད་ནང་མི་ཚོས་གནའ་བོའི་ལག་ཤེས་དེ་རྒྱུན་འཛིན་བྱས་པར་ཡོང་འབབ་བརྟན་པོ་བྱུང་ནས་ཕྱུག་འགྱུར་གྱི་ལམ་བུར་བསྐྱོད་ཡོད།

    ཉེ་བའི་ལོ་ཤས་རིང་། སྒེར་རྩེ་རྫོང་གིས་ཀྱང་ས་གནས་དེ་གའི་ཁུ་ལུའི་ཐོན་ཁུངས་སྤྱད་དེ“བསེ་འཁོར”རྟགས་ཅན་གྱི་རྩེར་སོན་ཁུ་ལུའི་ཐོན་རྫས་བཏོད་པ་མ་ཟད། རྫོང་དང་སེང་གེ་ཁ་འབབ་གྲོང་རྡལ་སོགས་སུ་ཆེད་ཚོང་ཁང་ཡང་བཙུགས་ཡོད། ད་ཆ་སྤུས་རྟགས་ཐོན་རྫས་དེ་མངའ་རིས་ནས་ལྗོངས་ཕྱིར་བཙོངས་དང་འཚོང་མུས་རེད།

    བསེ་འཁོར་གྱོན་ཆས་ནི་ངོ་མཚར་ཆེ་བའི་ངག་རྒྱུན་ཞིག་ལས་བྱུང་བ་ཡིན་མོད། འོན་ཀྱང་ད་བར་ཁ་ཡོད་ལག་ཡོད་ཀྱི་རྒྱུན་འཛིན་དང་འཕེལ་རྒྱས་བྱུང་ནས། སོས་དལ་བག་ཕེབས་ཤིང་བདེ་སྐྱིད་མཛེས་སྡུག་ལྡན་པའི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་གསར་པའི་མགྲིན་ཚབ་པ་ལྟ་བུར་གྱུར་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།