དབུ་ཤོག>ཆེད་སྒྲིག
  • ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་མང་ཚོགས་མཐུན་སྒྲིལ་ཡར་ཐོན་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-06

    ཚེས་3ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་ཞི་བའི་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་གཞིས་རྩེ་གྲོང་ཁྱེར་གྱི་ཏང་འཛུགས་སྐྱོང་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ངོ་སྤྲོད་བྱས་པ་རེད།

    གསར་འགོད་པར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ལོ་ངོ་70ཡི་རིང་། ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་འོག་གཞིས་རྩེ་གྲོང་ཁྱེར་གྱི་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་དཔལ་འབྱོར་མགྱོགས་མྱུར་འཕར་ནས་ཕྱོགས་བསྡུས་སྟོབས་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་1959ལོའི་སྒོར་དུང་ཕྱུར་0.41ནས་2020ལོའི་སྒོར་དུང་ཕྱུར་322.78བར་འཕར་བ་དང་། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་1959ལོའི་སྒོར་ཁྲི་77.3ནས་2020ལོའི་སྒོར་དུང་ཕྱུར་15.67བར་འཕར་ཡོད། སྐྱེ་ལྡན་འདེབས་འཛུགས་གསོ་ཚགས་ལས་རིགས་དང་། རིག་གནས་ཡུལ་སྐོར་ཐོན་ལས། གྲངས་འཛིན་ཐོན་ལས་སོགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་ཡོད། གཞིས་རྩེའི་རྒྱལ་ཁབ་ཞིང་ལས་ཚན་རྩལ་གླིང་དང་། གཞིས་རྩེའི་དཔལ་འབྱོར་གསར་སྤེལ་ཁུལ། ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་བསམ་བཀོད་ཐོན་ལས་གླིང་སོགས“གླིང་ཆེན་པོ་བརྒྱད”གཙོ་ཁྲིད་དུ་བྱས་པའི་དེང་རབས་ཅན་གྱི་ཐོན་ལས་གླིང་གི་འཕེལ་རྒྱས་མ་ལག་གཞི་རྩའི་ཆ་ནས་གྲུབ་ཡོད།

    ལོ་ངོ་70ཡི་རིང་གཞིས་རྩེའི་མི་རིགས་ཁག་གི་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་བཅས་ཀྱི་གནད་དོན་ཐག་གཅོད་ཐུབ་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། 2020ལོར་གཞིས་རྩེའི་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་13080ཟིན་ཞིང་། ཞིང་འབྲོག་མང་ཚོགས་ཁྲི་24.04ལས་ཞུགས་གཞན་སྒྱུར་ཐུབ་པ་དང་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་29.8བྱུང་ཡོད། གྲོང་ཁྱེར་ཡོངས་ཀྱི་ཆེད་ལས་མཉམ་ལས་རྩ་འཛུགས་6591བར་འཕེལ་རྒྱས་བྱུང་བ་དང་མང་ཚོགས་ཁྲི་44.72མཉམ་ལས་ཁང་གི་མ་རྐང་ནང་ཞུགས་ནས་ཁེ་སྤོགས་སྒོར་དུང་ཕྱུར་6.06བྱུང་ཡོད། ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་99.33%ཟིན་པ་དང་། སློབ་གསོའི“100རེ་ལྔ”ཡི་དམིགས་ཚད་ཁྱོན་ཡོངས་ནས་མངོན་འགྱུར་བྱུང་ཞིང་། འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད་97.5%ཟིན་ཡོད། གྲོང་ཁྱེར་མི་དམངས་སྨན་ཁང་དང་གྲོང་ཁྱེར་སྨན་རྩིས་ཁང“ཀ་པ་རིམ་པ་གསུམ་པ་གཏོད་པ”ནས“ཀ་པ་རིམ་པ་གསུམ་པ་སྟོབས་ཆེར་གཏོང་བའི”བར་དང“ནད་གཞི་འབྲིང་གྲས་གྲོང་ཁྱེར་ནས་བཅོས་ཐུབ་པ་དང་ནད་གཞི་ཆུང་གྲས་རྫོང་ནས་བཅོས་ཐུབ་པ”གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་འགན་སྲུང་མ་ལག་ཉིན་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ་དང་། གྲོང་མིའི་གཞི་རྩའི་རྒན་གསོ་དང་། གཞི་རྩའི་སྨན་བཅོས། ནད་ཆེན་འགན་བཅོལ་བཅས་ཁྱོན་ཡོངས་ལ་ཁྱབ་ཡོད། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལས་དོན་གཏིང་ཟབ་སྤེལ་ཞིང་། གྲོང་ཁྱེར་དཔེ་མཛོད་ཁང་དང་། མང་ཚོགས་སྒྱུ་རྩལ་ཁང་། རྟེན་རྫས་བཤམས་མཛོད་ཁང་སོགས་སྔ་རྗེས་སུ་བསྐྲུན་ནས་སྒོ་མོ་ཕྱེ་བ་དང་རླུང་འཕྲིན་བརྙན་འཕྲིན་ཕྱོགས་བསྡུས་ཁྱབ་ཚད་99.1%དང་99.08%སོ་སོར་ཟིན་ཡོད།

    ལོ་ངོ་70ཡི་རིང་གཞིས་རྩེ་གྲོང་ཁྱེར་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་འཐབ་ཇུས་རང་བཞིན་གྱི་ལས་འགན་ལ་བརྩིས་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་ཤུགས་ཆེན་གཏོང་བ། ཁྲིམས་ལྟར“6·2”མི་རིགས་མཐུན་སྒྲིལ་ཡར་ཐོན་ཉིན་མོར་གཏན་འཁེལ་བྱས་པ། “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། བློ་སེམས་གཅིག་མཐུན་ཀྲུང་གོའི་ཕུགས་འདུན་གཏོད”ཅེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་རྒྱུན་རྣམ་ཅན་དུ་སྤེལ་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རྫོང(ཆུས)དང་། དཔེ་སྟོན་ཤང་གྲོང(ཁྲོམ་གཞུང) དཔེ་སྟོན་གྲོང་ཚོ(གྲོང་ལྷན) དཔེ་སྟོན་སྡེ་ཁུལ། དཔེ་སྟོན་ཚན་པ་བཅས་ཧུར་ཐག་བཏོད་ཡོད། ཞིང་འབྲོག་མང་ཚོགས་249ཅང་སུའུ་དང་ཀོང་ཏུང་ཞིང་ཆེན་གཉིས་སུ་ལས་ཞུགས་བརྟན་པོ་བྱུང་བ་དང་། སློབ་ཆེན་སློབ་མ་298བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་ཁེ་ལས་དང་བྱ་གཞག་ཚན་པའི་ལས་གནས་བརྒྱུད་ནང་སར་ལས་ཞུགས་ཐུབ་པ། མི་རིགས་ཁག་གི་མང་ཚོགས་རྒྱ་ཁྱབ་ངང་འགྲོ་འོང་དང་། ཕྱོགས་ཡོངས་ནས་སྤེལ་རེས། མཉམ་འདྲེས་གཏིང་ཟབ་བཅས་ཐུབ་ཡོད། 2019ལོར་གཞིས་རྩེ་གྲོང་ཁྱེར་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་དུ་འཛུགས་གཏོད་བྱས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།