དཀའ་ངལ་ལ་མི་སྐྲག་པ་དང་། ཤི་རྒྱུར་མི་སྐྲག་པ། དཔའ་ངར་ཆེར་སྐྱེད། རྨང་རྡོ་བྱེད་འདོད་པ། དམག་དམངས་ཁྱིམ་ཚང་གཅིག་ལྟར་བརྩེ་བ། མི་རིགས་མཐུན་སྒྲིལ་བཅས་ནི“ལམ་གཉིས”ཀྱི་སྙིང་སྟོབས་རེད།
ལོ་70ལྷག་ཙམ་གྱི་གོང་། བོད་ཞི་བས་བཅིངས་འགྲོལ་གཏོང་རིང་། ལམ་བཟོ་མཁན་དམག་དམངས་ཁྲི་11གིས“རི་མཐོན་པོར་མགོ་སྒུར་དུ་འཇུག ཆུ་ཆེན་པོར་ལམ་གཟུར་དུ་འཇུག”སྟེ་རི་མཐོ་གཡང་གཟར་ཁྲོད་ཁྲོན་བོད་དང་མཚོ་བོད་གཞུང་ལམ་བཟོས་ནས་འཛམ་གླིང་གཞུང་ལམ་འཛུགས་སྐྲུན་གྱི་ལོ་རྒྱུས་ཐོག་གི་ངོ་མཚར་བཏོད་པ་དང་མི་སེམས་ལ་སྐུལ་མ་ཐེབས་པའི“ལམ་གཉིས”ཀྱི་སྙིང་སྟོབས་བཏོད་ཡོད།
“མཁའ་ལམ”གཉིས་དང་ལོ་རྒྱུས་དུམ་བུ་ཞིག
ཞི་བས་བཅིངས་འགྲོལ་མ་བཏང་གོང་རྟ་དྲེལ་དང་འབྲི་གཡག་བསྐྱོད་སའི་གནའ་ལམ་ཕུད་བོད་ལ་དེང་རབས་ཀྱི་གཞུང་ལམ་གཅིག་ཀྱང་མེད། 1950ལོར་ཁྲེང་ཏུའུ་ནས་གཡག་རྔ་བར་མ་གཏོགས་གཞུང་ལམ་ཤར་གཏོང་ཐུབ་མེད། གཞུང་ལམ་ཤར་གཏོང་མ་ཐུབ་པས་བོད་འདི་ཉིད་ཡུན་རིང་བཀག་སྡོམ་གྱི་གནས་སུ་གྱར་བ་མ་ཟད། བོད་ཀྱི་འཕེལ་རྒྱས་རྗེས་ལུས་ཚབས་ཆེན་ཐེབས་ཡོད་ལ། བོད་བཅིངས་འགྲོལ་དང་བོད་འཛུགས་སྐྲུན་ལའང་དཀའ་ངལ་བཟོས་ཡོད།
བོད་དུ་དཔུང་སྐྱོད་བྱེད་པར་འཕྲད་པའི་འགྲིམ་འགྲུལ་གྱི་དཀའ་གནད་ལ་དམིགས་ནས་ཀྲུའུ་ཞི་མའོ་ཙེ་ཏུང་གིས་བོད་སྐྱོད་དཔུང་སྡེར“ཕྱོགས་གཅིག་ནས་དཔུང་སྐྱོད་དང་ཕྱོགས་གཅིག་ནས་ལམ་བཟོ”དགོས་པའི་འབོད་སྐུལ་གནང་ནས་ཁམས་བོད(ཁྲོན་བོད)དང་མཚོ་བོད་གཞུང་ལམ་བསྐྲུན་རྒྱུའི་གཏན་འབེབས་གནང་བ་རེད།
ལམ་བཟོ་མཁན་དམག་དམངས་ཚོས་ཆ་སྙོམས་ས་བབ་མཐོ་ཚད་སྨི་4000ཟིན་པའི་ས་མཐོར་གངས་འཁྱགས་བརྒལ་བ་དང་། གྲང་ངར་འགོག་པ། གསོ་རླུང་མི་འདང་བ་དང་ས་མཐོ་མི་འཕྲོད་པ་སོགས་ཀྱི་དཀའ་ངལ་ཁྱད་བསད་བྱས་ཏེ། ཐོ་བ་དང་། ལྕགས་ཧྲེང་། འཇོར། སྦྱག་མ་སོགས་སྟབས་བདེའི་ལག་ཆར་བརྟེན་ནས་གཡང་གཟར་གྱི་བྲག་རི་གཤགས་པ་དང་རང་གྲུབ་བཙན་འགག་མང་པོ་གཏོར་ཡོད།
1954ལོའི་ཟླ་12ཚེས་25ཉིན་ཁམས་བོད(ཁྲོན་བོད)དང་མཚོ་བོད་གཞུང་ལམ་དུས་གཅིག་ཏུ་ལྷ་སར་ཤར་གཏོང་ཐུབ་ནས་བོད་ལ་དེང་རབས་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་མོད། འོན་ཀྱང་མི་3000ལྷག་ཙམ་གྱིས་རྩ་ཆེའི་ཚེ་སྲོག་བློས་བཏང་སྟེ་ཡིད་སྐྱོ་བའི་རྒྱལ་ཁའི་གླུ་དབྱངས་བླངས་ཡོད།
ད་ཆ་ཁྲོན་བོད་གཞུང་ལམ་དང་མཚོ་བོད་གཞུང་ལམ་ཐོག་ལམ་བཟོ་མཁན་སྔོན་གཤེགས་དཔའ་བོའི་གཏམ་རྒྱུད་སྔར་བཞིན་མི་ཉམས་པར་གནས་ཡོད། 1951ལོའི་ཟླ་12ཚེས་10ཉིན་ཁྲོ་ལའི་ལས་ཡུལ་དུ་རྡོ་ཆེན་པོ་ཞིག་ལྷུངས་ཏེ་ལོ་25ལ་སླེབས་ཙམ་གྱི་ཀྲང་ཧྥུའུ་ལིན་རང་སྲོག་ཤོར་བ་དང་། མཚོ་བོད་གཞུང་ལམ་འཛུགས་སྐྲུན་གྱི་བཀོད་འདོམས་པ་མུའུ་ཧྲེང་ཀྲུང་གིས་སྦྱག་མའི་སྟེང“མུའུ་ཧྲེང་ཀྲུང་གི་བང་སོ”ཞེས་བརྐོས་ཡོད། ཁོང་གིས་སྐབས་དེ་དུས“གལ་ཏེ་ང་རང་ལམ་འདི་གར་ཤི་ཚེ་འདི་ནི་ངའི་དུར་བྱང་ཡིན། ལམ་ཇི་ཙམ་བར་དུ་བཟོས་ཚར་བ་ང་རང་དེ་གར་བཞག་སྟེ་མགོ་ལྷ་སར་ཕྱོགས་ནས་སྦས་རོགས”ཞེས་བཤད།
བདེ་སྐྱིད་གསེར་ཟམ་གྱིས་འཕོ་འགྱུར་ཆེན་པོར་ཁྲིད་སྟོན་བྱས།
ཁྲོན་བོད་དང་མཚོ་བོད་གཞུང་ལམ་བསྐྲུན་པ་དེས་བོད་ཡུན་རིང་བཀག་སྡོམ་གྱི་རྣམ་པར་འགྱུར་ལྡོག་བཏང་སྟེ་བོད་དར་རྒྱས་གོང་འཕེལ་གྱི་མཐུན་སྒྲིལ་ལམ་བུ་དང་བདེ་སྐྱིད་ལམ་བུར་གྱུར་ཡོད། བོད་རིགས་མི་དམངས་ཀྱིས་ལམ་དེ་གཉིས་ནི“བདེ་སྐྱིད་ལྡན་པའི་གསེར་ཟམ”དང“བཀྲ་ཤིས་པའི་འཇའ་ཚོན”ཞེས་བསྔགས་བརྗོད་བྱེད་ཀྱི་ཡོད།
བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དཔལ་འབྱོར་འཐབ་ཇུས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་གཞོན་པ་ཁྲེན་ཕུའུ་ཡིས། ལམ་གཉིས་སུ་རླངས་འཁོར་ཤར་གཏོང་ཐུབ་པ་ནི་ཏང་གི་འགོ་ཁྲིད་འོག་ཀྲུང་གོ་གསར་པར་ཐོབ་པའི་གྲུབ་འབྲས་གལ་ཆེན་ཞིག་རེད། དུས་དེ་ནས་བཟུང་རྒྱལ་ཡོངས་ས་གནས་ཁག་གིས་བོད་ཀྱི་འཛུགས་སྐྲུན་ལ་རོགས་སྐྱོར་བྱེད་པའི་དངོས་ཟོག་དང་མི་དམངས་ཀྱི་འཚོ་བའི་མཁོ་ཆས་རྒྱུན་ཆད་མེད་པར་གངས་ལྗོངས་ས་མཐོར་དབོར་ནས། བོད་དང་མེས་རྒྱལ་ས་གནས་ཁག་དབར་གྱི་འབྲེལ་བ་ཟབ་ཏུ་ཕྱིན་པ་དང་། བོད་ཀྱི་དེང་རབས་འགྲིམ་འགྲུལ་བྱ་གཞག་འཕེལ་རྒྱས་གཏོང་འགོ་ཚུགས་པ་མ་ཟད། བོད་ཀྱི་འཕེལ་རྒྱས་དང་འཛུཌ་སྐྲུན་ཡང“མྱུར་བགྲོད་ལམ་བུའི”ཐོག་བསྐྱོད་པར་ཁྲིད་སྟོན་བྱས་ཡོད།
བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་། མཚོ་བོད་ལྕགས་ལམ་དང་ལྷ་གཞིས་དང་ལྷ་ཉིང་ལྕགས་ལམ་སྔ་རྗེས་སུ་ཤར་གཏོང་ཐུབ་པ་དང་། ལྷ་ས་ལྟེ་བར་བྱས་པའི་རིམ་མཐོའི་གཞུང་ལམ་དྲ་བ་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ། ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་T3གནམ་ཐང་བབས་ཚུགས་སྤྱོད་འགོ་ཚུགས་པ། ལྗོངས་ཡོངས་ཀྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་སྤྱིའི་ལམ་ཚད་སྤྱི་ལེ་ཁྲི་11.88ཟིན་པ་སོགས་གཞུང་ལམ་དང་། ལྕགས་ལམ། མཁའ་འགྲུལ་སོགས་སྐྱེལ་འདྲེན་བྱེད་སྟངས་སྣ་ཚོགས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བ་གངས་ལྗོངས་ས་མཐོར་རིམ་བཞིན་ཆགས་ཡོད།
ལོ་46ལ་སླེབས་པའི་བཀྲ་ཤིས་ཚེ་རིང་ནི་བོད་རང་སྐྱོང་ལྗོངས་གཞུང་ལམ་ཅུས་སུ་ལས་ཀ་བྱེད་ཀྱི་ཡོད་པ་དང་། ཁོང་ཚོའི་ཁྱིམ་གྱི་མི་རབས་གསུམ་ཀ་མཚོ་བོད་གཞུང་ལམ་གྱི་བདག་སྐྱོང་བ་རེད། “ལམ་ནི་རྒྱལ་ཁབ་ཀྱི་དཔལ་འབྱོར་གྱི་འཕར་རྩ་ལྟ་བུ་ཡིན་པས་ཉིན་གཅིག་ཀྱང་ཆད་མི་རུང་། གཞུང་ལམ་བདག་སྐྱོང་གི་ལས་ཀ་ཇི་ཙམ་ལེགས་པར་བསྒྲུབས་པ་དེ་ཙམ་གྱིས་འགྲོ་འོང་བྱེད་མཁན་ཁ་ལོ་བའི་བདེ་འཇགས་ལ་འགན་སྲུང་བྱེད་ཐུབ”“ལམ་བཟོའི་དཔའ་བོ་དང་གཞུང་ལམ་བདག་སྐྱོང་བ་རྒན་རབས་ཚོ་དང་བསྡུར་ན་ང་ཚོ་དཀའ་ལས་ཁག་པོ་མ་རེད”ཅེས་བརྗོད།
2014ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ནས་དུས་བབ་གསར་པའི་འོག“ལམ་གཉིས”ཀྱི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་སྟེ་ལམ་གཉིས་བདག་སྐྱོང་ཡག་པོ་དང་ཤར་གཏོང་འགན་ལེན་བྱས་ནས། ཁྲོན་བོད་དང་མཚོ་བོད་གཞུང་ལམ་དེ་ཉིད་ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་གྱི་ལམ་བུ་དང་། བོད་ཀྱི་ཤེས་དཔལ་ཡར་ཐོན་གྱི་ལམ་བུ། བོད་ཀྱི་མི་རིགས་ཁག་གི་སྤུན་ཟླ་ཐུན་མོང་ཕྱུག་འགྱུར་གྱི་ལམ་བུ་བཅས་སུ་འགྱུར་བ་བྱེད་དགོས་ཞེས་ནན་བཤད་གནང་ཡོད།
“ལམ་གཉིས”ཀྱི་སྙིང་སྟོབས་ཇི་སྲིད་བར་དུ་གནས།
བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ཏང་ཨུད་ཀྱི་ཧྲུའུ་ཅི་ཟླ་བ་དངོས་གྲུབ་ཀྱིས“ད་ཆ་བོད་ཀྱི་འགྲིམ་འགྲུལ་འཛུགས་སྐྲུན་གྱི་ཨར་ལས་འཕྲུལ་ཆས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་མོད། འོན་ཀྱང‘ལམ་གཉིས’ཀྱི་སྙིང་སྟོབས་དུས་རབས་ཀྱི་འཕོ་འགྱུར་དང་བསྟུན་ནས་དར་འཕེལ་བྱུང་ཡོད། སྔོན་ཆད་དང་། ད་ལྟ། འབྱུང་འགྱུར་བཅས་གང་གི་དུས་སུའང‘ལམ་གཉིས’ཀྱི་སྙིང་སྟོབས་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྐྲུན་པའི་སྟོབས་ཤུགས་ཀྱི་འབྱུང་རྩ་དང་བསམ་པའི་སྒུལ་ཤུགས་ཤིག་རེད”ཅེས་བརྗོད།
ད་ཆ་འཛུགས་སྐྲུན་པ་མི་རབས་ནས་མི་རབས་བར་གྱིས་ས་མཐོར་འབད་འཐབ་བྱས་ཏེ་བོད་ཀྱི་འགྲིམ་འགྲུལ་བྱ་གཞག་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས“ལམ་གཉིས”ཀྱི་སྙིང་སྟོབས་ལ་དུས་རབས་གསར་པའི་ནང་དོན་སྣོན་བཞིན་ཡོད།
“བོད་འདི་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་འགོ་ཚུགས་པ་དང‘ལམ་གཉིས’ཀྱི་སྙིང་སྟོབས་ལའང་གསོན་ཤུགས་གསར་པ་འཕེལ་རྒྱུ་རེད”ཅེས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་དགེ་རྒན་ཆེ་མོ་བ་དབན་ཅིན་ཕུང་གིས་བརྗོད།