དབུ་ཤོག>ཆེད་སྒྲིག
  • “ནག་ཆུ”ལང་ལོང་རྒྱུག “རྟ་ནག”བང་རྩལ་འགྲན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-06

    ས་བབ་མཐོ་ཚད་སྨི་4500ཟིན་པའི་ས་ཆའི་གཙང་ཆུའི་ངོགས་ཀྱི་བོད་བྱང་ཐང་གི་འབྲོག་པའི་གར་སྟབས་ལྷུག་པོར་འཕྱོ་བ་དང་གླུ་སྒྲ་སྙན་ཞིང་གསང་། དེ་བས་མི་རྣམས་ཡིད་དབང་འཕྲོག་པ་ནི“ནག་ཆུ”ཡིན།

    འདི་གར། ས་བབ་མཐོ་བའི་རྐྱེན་དེ་ཉིད་འགོག་རྐྱེན་དུ་མ་གྱུར་པར། འདི་ནི་ས་མཐོ་དང་ཉེ་འཁོར་འབྲེལ་བའི་འགྲིམ་འགྲུལ་གྱི་གཙོ་གནད་གྲོང་རྡལ་ཞིག་རེད། དར་གོས་ལམ་བུ་དང་། ཐང་བོད་གནའ་ལམ། ཇ་རྟའི་ཚོང་ལམ་བཅས་དེ་ནས་བརྒྱུད་དགོས་པས་ཀྲུང་ཧྭ་མི་རིགས་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་ཀྱི་རྗེས་ཤུལ་བཞག་ཡོད།

    འདི་གར། མཐོ་གྲང་གསོ་རླུང་དཀོན་པའི་རྐྱེན་གྱིས་རྗེས་ལུས་ཐེབས་པ་ཞིག་མིན་པར་འཕེལ་རྒྱས་ཀྱི་ངར་ཤུགས་ཀྱིས་ཁེངས་པའི་མཐོ་ས་ཞིག་རེད། ལོ་ངོ་70ཡི་གོང་དམག་སྡེ་བཅོ་བརྒྱད་པའི་རང་ཚུགས་ཉིང་ལག་རུ་ཁག་ནག་ཆུར་འབྱོར་ཏེ། ལོ་རྒྱུས་ཀྱི་རླབས་སྒྲ་གྲགས་པ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད་པའི་དུས་རབས་ཀྱི་རྦ་རླབས་འཕྱུར་བའི་བར། དེ་སྔའི་ནག་ཆུ་ཁ(གཙང་པོ་ནག་པོའི་དོན། དེང་གི་ནག་ཆུ་གྲོང་རྡལ)ནི་རྩྭ་ཐང་གི་མུ་ཏིག་ལྟ་བུར་གྱུར་ནས“ནག་ཆུ”ལང་ལོང་དུ་རྒྱུག་པ་དང“རྟ་ནག”བང་རྩལ་འགྲན་པའི་ཉམས་འགྱུར་གྱི་ཐོག་ནས་བྱང་རྩྭ་ཐང་གོང་འཕེལ་འགྲོ་བཞིན་ཡོད།

    ལོ་རྒྱུས་ཀྱི་རླབས་སྒྲ།

    ཚགས་པར་རྙིང་པ་ལྟ་སྐབས། ཤིན་ཧྭ་གསར་འགྱུར་ཁང་གིས་1951ལོའི་ཟླ་11པར་མི་སེམས་ལ་སྐུལ་མ་ཐེབས་པའི་གནས་ཚུལ་དེ་འཕྲིན་སྤེལ་བྱས་འདུག “ལ་ཀླུང་ལེ་དབར་སུམ་སྟོང་བརྒལ་བ་དང་རྩྭ་ཐང་ཆེན་པོ་སྒྲོལ་ཏེ་བོད་སྐྱོད་བཅིངས་འགྲོལ་དམག་ནག་ཆུར་འབྱོར། བོད་ས་གནས་སྲིད་གཞུང་གི་ནག་ཆུའི་དཔོན་རིགས་དང་དམག་དམངས་ཚོས་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས” “བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན་ལ་གཞིགས་ན།  ནུབ་བྱང་ནས་བོད་དུ་སྐྱོད་མཁན་མི་དམངས་བཅིངས་འགྲོལ་དམག་གི་དཔུང་སྡེ་ཞིག་གིས་དཔུང་སྐྱོད་ལེ་དབར་སུམ་སྟོང་ལྷག་ཙམ་བྱས་ནས། མཚོ་སྔོན་ལྷོ་རྒྱུད་ཀྱི་རྩྭ་ཐང་ཆེན་པོ་བསྒྲལ་ཏེ་ཟླ་བ་འདིའི་ཚེས་བཞི་ཉིན་བོད་ཀྱི་བྱང་རྒྱུད་གཙོ་གནད་གྲོང་རྡལ་ནག་ཆུར་འབྱོར་བ་རེད”

    ནག་ཆུ་ཁ་ནི་མཚོ་སྔོན་དང་ཁམས་ནས་བོད་དུ་སྐྱོད་པའི་འགྲུལ་ལམ་གཙོ་གནད་ཅིག་ཡིན་ལ་བོད་བྱང་ཐང་གི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་བ་ཡང་རེད། འགྲུལ་ལམ་གྱི་གནས་ཆེ་ས་ནག་ཆུ་ཁར་ལོ་ངོ་ཁྲི་སྟོང་མང་པོའི་རིང་ཕར་ཚུར་འགྲུལ་བཞུད་བྱེད་མཁན་གྱི་མི་རྟ་རྒྱུན་ཆད་མེད། ལོ་ངོ་70ཡི་གོང་དུ། བཅིངས་འགྲོལ་དམག་ནག་ཆུར་འབྱོར་བ་ནི་ལོ་རྒྱུས་ཐོག་གི་དོན་ཆེན་ཞིག་ཡིན་པ་དང་བྱང་རྩྭ་ཐང་གི་ལོ་རྒྱུས་ཀྱི་ལེའུ་གསར་པ་བརྩམས་ཡོད།

    “ཟླ་11པའི་ཚེས་4ཉིན། ངེད་དཔུང་སྡེའི་རྔམ་བརྗིད་ལྡན་པའི་རྟ་དམག་གིས་སྐར་ལྔའི་དར་དམར་དང་། བརྒྱད་གཅིག་དམག་དར། མའོ་ཀྲུའུ་ཞིའི་སྐུ་པར་བཅས་ཁྱེར་ཏེ་སྣེ་ཁྲིད་ནས་ནག་ཆུ་གྲོང་ཁུལ་དུ་སྐྱོད་སྐབས། ནག་ཆུའི་འབྲོག་པས་གཟབ་མཆོར་སྤྲས་ནས་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་བྱུང་། ནག་ཆུའི་དཔོན་རིགས་དང་བོད་དམག་མདའ་དཔོན་གྱིས་ཀྱང་སེར་སྐྱ་དཔོན་རིགས་དང་བོད་དམག་གི་སྣེ་ཁྲིད་ནས་ཤར་འདབས་སུ་བང་བསྒྲིགས་ཏེ་དགའ་བསུ་ཞུས་པ་མ་ཟད། ང་དང་ཆབ་སྲིད་ཨུ་ཡོན་མུའུ་ཧྲེང་ཀྲུང་ལ་ཁ་བཏགས་གཡོགས་བྱུང་། བོད་རིགས་མང་ཚོགས་ཚོས་ལྟ་རུབ་རྒྱག་པ་དང་། སྤྲོ་སེམས་རབ་ཏུ་འཕེལ་བ། སྒུར་སྒུར་གྱིས་མགོ་ལྕོག་ལྕོག་དང་མཐེ་བོང་བསྒྲེངས་ནས་དགའ་བསུ་དང་རྟེན་འབྲེལ་མཚོན་ཐབས་བྱས་ནས། རྒྱ་བོད་མི་རིགས་མཐུན་སྒྲིལ་ཆེན་པོའི་རྣམ་པ་ཟབ་མོས་ཁེངས”ཞེས་དམག་སྡེ་བཅོ་བརྒྱད་པའི་རང་ཚུགས་ཉིང་ལག་དཔུང་སྡེའི་སི་ལིང་ཡོན་ཧྥན་མིང་གིས《ཀྲུང་གུང་ནུབ་བྱང་བོད་ལྗོངས་ལས་དོན་ཨུ་ལྷན(དམག་སྡེ་བཅོ་བརྒྱད་པའི་རང་ཚུགས་ཉིང་ལག་དཔུང་སྡེ)བོད་དུ་དཔུང་སྐྱོད་བྱས་པའི་སྐོར་ཕྱིར་དྲན》ཞེས་པའི་རྩོམ་ཡིག་ནང་བྲིས་ཡོད།

    བཅིངས་འགྲོལ་དམག་ནག་ཆུར་འབྱོར་བ་དེ་གསར་འགྱུར་འཕྲིན་སྤེལ་དང་ལོ་རྒྱུས་ཀྱི་འདྲ་པར་ཐོག་བཀོད་པ་ཙམ་མ་ཡིན་པར། ས་གནས་དེ་གའི་མི་རིགས་ཁག་གི་མང་ཚོགས་ཚོས་དྲན་པའི་མེ་ལོང་ངོས་སུ་དེ་བས་ཀྱང་གསལ་པོར་བཀོད་ཡོད།

    “ང་སྐབས་དེ་དུས་ལོ་8རེད། འཐབ་འཛིང་བ་ཚོས་ང་ཚོ་ཕྲུ་གུ་དབུལ་པོ་རྣམས་ལ་ཧ་ཅང་བྱམས་པོ་བྱེད་ཀྱི་འདུག འཐབ་འཛིང་བ་ལག་ཤེས་ཅན་ཁག་གཅིག་གིས་ཤོག་བུའི་མེ་ཏོག་བཟོས་ཏེ་ང་ཚོར་རྩེད་ཆས་ལ་སྟེར་གྱི་ཡོད་པས་ཐག་རིང་གི་གཉེན་ཉེ་འཕྲད་པའི་སྣང་བ་ཡོང་གི་འདུག”ཅེས་གསེར་རྙེད་ཆུས་ཀོ་ལུག་གྲོང་རྡལ་གྱི་འདི་ལོ་ལོ་78ལ་སོན་པའི་ཚེ་རིང་རྒྱལ་པོས་བཤད་ཅིང་། ཁོང་ནི་དེ་སྔ་རྫོང་གསར་གཞུང་རྔ་པ་ཚོ་པའི་མི་ཡིན་པ་དང་། ཏང་ལོ་ལོ་44ཟིན་པའི་ཏང་ཡོན་རྒན་གྲས་ཤིག་རེད། ཁོང་ལ་བཅིངས་འགྲོལ་དམག་གི་འཐབ་འཛིང་བ་བོད་དུ་སླེབས་པའི་སྐབས་ཀྱི་དོན་དག་ད་དུང་གསལ་པོ་ཤོད་རྒྱུ་ཡོད།

    ཚེ་རིང་རྒྱལ་པོས། ཀྲུང་གོ་གུང་ཁྲན་ཏང་ཡོད་པས་གཞི་ནས་བོད་ཞི་བས་བཅིངས་འགྲོལ་གཏོང་ཐུབ་པ་དང་། ངའི་མི་རབས་ཙམ་མ་ཟད་བུ་ཚ་རྣམས་ཀྱི་ལས་དབང་ལའང་འགྱུར་ལྡོག་བྱུང་ཡོད་ཅེས་བཤད།

    དུས་རབས་ཀྱི་རྦ་རླབས།

    དབྱར་དུས་ཀྱི་རྩྭ་ཐང་ནི་ཆར་ཆུ་འབེལ་ལ་སྤང་ལྗོངས་སྔོ་ཐིང་ངེར་གནས་པ་དང་། ནོར་ནག་ཁྱུ་དང་ཁྱུ་བསྒྲིགས་པ། འོ་མ་དང་། ཞོ། མར་སོགས་དཀར་ཆུའི་ཐོན་རྫས་ཐོན་པའི་དུས་བཟང་རེད། ཉི་མ་ནུབ་ལ་ཁད་དུ་འོ་མ་འཇོ་བ་དང་གཟན་ཆག་སྟེར་བ་སོགས་འབྲོག་པའི་དཀའ་སྤྱད་ངལ་རྩོལ་གྱི་ཉིན་གཅིག་ལ་དཀར་ཆུའི་ཐོན་འབབ་ཀྱིས་ཁེངས།

    “དེ་སྔའི་འཚོ་བ་ཧ་ཅང་སྐྱོ་པོ་རེད། ང་ཚོའི་ཁྱིམ་གྱི་ནོར་གནག་50‘ཤེ’ལ་བཏང་བ་དང་ཟླ་གསུམ་ལ་མར་རྒྱ་མ་7འཇལ་དགོས། གལ་ཏེ་འཇལ་མ་ཐུབ་ཚེ་ང་ཚོ་ཕྲུ་གུ་རྣམས་འབྲོག་བདག་གི་ཕྱུགས་འཚོ་བར་བཏང་སྟེ་ཤེ་བུན་གྱི་ཚབ་བྱེད་དགོས”“ཟས་རིགས་རྩ་བ་ནས་འདང་གི་མེད། ང་ཚོ་ཕྲུ་གུ་ཚོས་ད་དུང་ལྟོ་སློང་བ་དང་ཐ་ན་རྐུ་མ་རྒྱག་པར་འགྲོ་དགོས་ཀྱི་ཡོད”ཅེས་རྒད་པོ་ཚེ་རིང་རྒྱལ་པོས་སྔར་སོང་གི་དཀའ་སྡུག་ཆེ་བའི་འཚོ་བ་ཕྱིར་དྲན་བྱེད་བཞིན་དབུགས་རིང་གཏོང་བ་དང་། ངག་ལྡབ་ལྡིབ། ལག་ཟུང་དམ་པོར་འཕུར་ནས་བཤད།

    “ཤེ”ནི་དེ་སྔ་འབྲོག་ཁུལ་དུ་བཀས་བཀོད་རྒྱུད་འཛིན་གྱི་ཤེ་འབབ་བཤུ་གཞོག་གི་རིགས་ཤིག་ཡིན་ཞིང་། འབྲོག་པས་དགོན་སྡེ་དང་། སྲིད་གཞུང་། ཕྱུགས་བདག་སོགས་ཤེ་དཔོན་ལ་དཀར་ཆུའི་ཐོན་འབྲས་འཇལ་དགོས་ཀྱི་ཡོད། དེ་སྔ་བཀས་བཀོད་རྒྱུད་འཛིན་གྱི་ཤེ་འབབ་བཤུ་གཞོག་བྱང་ཐང་དུ་དར་ཁྱབ་ཧ་ཅང་ཆེ་ཞིང་། དུས་རབས་གོང་མའི་ལོ་རབས་60པར་རྫོང་གསར་གཞུང་རྔ་པ་ཚོ་པར་བརྟག་དཔྱད་བྱས་འབྲས་ཤིག་ལས་མངོན་པར། ཤེ་ཕྱུགས་ཁོ་ནས་འབྲོག་པ་དབུལ་པོའི་ཕྱུགས་རིགས་བསྡོམས་འབོར་གྱི་38.82%བཟུང་གི་ཡོད། ཤེ་བསྡུས་སྒྲུབ་མཁན་དུད་ཚང་ལ་ཤེ་དཔོན་གྱིས་གདུག་རྩུབ་ཆེ་བའི་བཤུ་གཞོག་གཏོང་བ་དང་ཐ་ན་བཙན་ཤེད་བཏང་ནས་མི་ཤི་ཁྱིམ་སྟོང་དུ་གྱུར་པ་ཡོད་ཀྱང་། སྤྱིར་བཏང་བྱས་ན་ཤེ་བསྡུས་སྒྲུབ་མཁན་དུད་ཚང་ལ་དཀར་ཆུའི་ཐོན་འབྲས་ལྷག་མ་ཕྲན་བུ་རག་གི་ཡོད་པས། ཁོ་ཚོས་སྔར་བཞིན་སྡུག་རུས་ཀྱིས་ཤེ་འབབ་མྱོང་དགོས་ཀྱི་ཡོད།

    བོད་ཞི་བས་བཅིངས་འགྲོལ་བཏང་བ་དང་ལྷག་པར་དུ་དམངས་གཙོའི་བཅོས་སྒྱུར་བྱས་པ་དང་བསྟུན། འབྲོག་ཁུལ་དུ་ཟིང་འཁྲུག་ལ་ངོ་རྒོལ་དང་། ཁྲལ་འུ་ལག་ལ་ངོ་རྒོལ། བྲན་བཀོལ་ལ་ངོ་རྒོལ་བཅས་དང་འབྲོག་པ་གླ་པ་དང་འབྲོག་བདག་གཉིས་ཀར་ཕན་པའི“ངོ་རྒོལ་གསུམ་དང་ཁེ་ཕན་གཉིས”ཀྱི་ལས་འགུལ་སྤེལ་ནས་རྩྭ་ཐང་གི་འབྲོག་པར་ཡར་ལངས་བཅིངས་འགྲོལ་ཐོབ་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག བདེ་སྐྱིད་ལྡན་པའི་དུས་རབས་གསར་པར་བསྐྱོད་ནས“སྦྲ་གུར་གྱི་ཕྱིར་ནག་རོག་རོག་གི་ཟོག་ཡོད་ཀྱང་། ཐམས་ཅད་གཞན་གྱི་ཡིན་པའི”གང་ཡང་མེད་པའི་ལོ་རྒྱུས་རྦད་དེ་མཇུག་འགྲིལ།

    བདེ་སྐྱིད་ལྡན་པའི་དུས་རབས་གསར་པར། རྟ་ནས་སྦག་སྦག་དང་རླངས་འཁོར་བར། སྦྲ་གུར་ནས་ས་ཁང་དང་སྡོད་ཁང་གསར་པ་བར། ས་རྡོའི་ལམ་ནས་སྣུམ་ནག་ལམ་དང་མྱུར་བགྲོད་གཞུང་ལམ་བར་རྒད་པོ་ཚེ་རིང་རྒྱལ་པོས་རྩྭ་ཐང་གི་ལོ་ངོ་70ཡི་འཕོ་འགྱུར་ལ་མིག་མཐོང་ལག་ཟིན་བྱུང་ཡོད། “དངོས་གནས་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་རེད། ང་ཚོ་འབྲོག་པའི་བདེ་སྐྱིད་ལྡན་པའི་འཚོ་བ་ཉིན་རེ་བཞིན་སྐྱིད་དུ་འགྲོ་ཡི་འདུག”

    མདུན་སྐྱོད་ཀྱི་ངར་སེམས།

    ནག་ཆུ་གྲོང་རྡལ་ནས་ཀོ་ལུག་གྲོང་རྡལ་བར་གྱི་ལམ་ནི་མཚོ་སྔོན་ནས་བོད་དུ་སྐྱོད་པར་བརྒྱུད་དགོས་ངེས་ཀྱི་ལམ་ཞིག་རེད། བཅིངས་འགྲོལ་དམག་གི་གོམ་སྟབས་བརྟན་པོ་འདི་ནས་སྤོས་ཏེ་དེ་སྔའི་གནའ་ལམ་ནས་དུས་རབས་ཀྱི་གཟི་མདངས་མངོན་ཏེ་མདུན་སྐྱོད་ཀྱི་ངར་སེམས་སློང་བཞིན་ཡོད།

    1954ལོར། མཚོ་བོད་གཞུང་ལམ་བསྐྲུན་ཏེ་རླངས་འཁོར་ཤར་གཏོང་ཐུབ་ནས་དེང་རབས་ཅན་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་གྱིས་ལོ་སྟོང་ཕྲག་རིང་གི་མིས་སྒལ་པར་འཁུར་བ་དང་ཕྱུགས་ལ་དོ་པོ་འགེལ་བའི་སྐྱེལ་འདྲེན་བྱེད་སྟངས་ཀྱི་ཚབ་བྱས་ཤིང་། 2006ལོར་མཚོ་བོད་ལྕགས་ལམ་ལམ་ཐིག་ཧྲིལ་པོར་བསྐྲུན་ཟིན་ནས་བོད་ལ་ལྕགས་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ། མི་རིང་བའི་གོང་ལྷ་ས་ནས་ནག་ཆུ་བར་གྱི་མྱུར་བགྲོད་གཞུང་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་སྟེ་དུས་རབས་གསར་པའི“མཁའ་ལམ་གསར་པས”ཕྱོགས་གཅིག་ལ་ཕན་བདེ་སྐྲུན་འགོ་ཚུགས།

    “2018ལོ་ནས་བཟུང་ལྷ་ས་དང་ནག་ཆུ་བར་གྱི་མྱུར་བགྲོད་གཞུང་ལམ་སྐྲུན་འགོ་ཚུགས་པ་དང་བསྟུན། ཀོ་ལུག་གྲོང་རྡལ་གྱི་མི་1500ལས་ཞུགས་ཐུབ་སྟེ། ཡོང་འབབ་སྒོར་ཁྲི་400ལྷག་ཙམ་བྱུང་ཡོད”གསེར་རྙེད་ཆུས་ཀོ་ལུག་གྲོང་རྡལ་གྱི་ཀྲེན་ཀྲང་ཚུའེ་གོ་ཆིང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཀོ་ལུག་གྲོང་རྡལ་གྱིས་འགྲིམ་འགྲུལ་ས་བབ་ལ་བརྟེན་ནས་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་གྱིས་རང་བྱུང་གཏེར་ཆུ་དང་། དབུལ་སྐྱོར་ཚོང་ཁང་། ཁྱད་ལྡན་དཀར་ཆུའི་ཐོན་རྫས། དབུལ་སྐྱོར་བྱེ་རྡོ་ར་བ་སོགས་ཐོན་ལས་རྣམ་གྲངས་ཁག་གཅིག་ལག་བསྟར་བྱས་ཏེ་ལོ་དེར་གྲོང་རྡལ་ཡོངས་ཀྱི་མི་རེའི་ཁེ་གཙང་ཡོང་འབབ་སྒོར་12000ལྷག་ཙམ་ཟིན་ཡོད”ཅེས་ངོ་སྤྲོད་བྱས།

    2021ལོའི་གསེར་རྙེད་ཆུས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལས་མངོན་གསལ། 2020ལོའི་ལོ་མཇུག་བར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་2015ལོའི་ལོ་མཇུག་གི་སྒོར་དུང་ཕྱུར་40.17ནས་སྒོར་དུང་ཕྱུར་68.87བར་འཕར་ཏེ་ལོའི་ཆ་སྙོམས་འཕར་ཚད་11.38%ཟིན་པ་དང་། ཞིང་འབྲོག་པའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་2015ལོའི་ལོ་མཇུག་གི་སྒོར་8237ནས་སྒོར་14647བར་འཕར་ཏེ་ལོའི་ཆ་སྙོམས་འཕར་ཚད་12.2%ཟིན་པ། ཤང་དང་གྲོང་རྡལ་དུ་ལམ་བུ་ཤར་བགྲོད་ཐུབ་ཚད་100%བར་མང་དུ་ཕྱིན་པ། སྒྲིག་ཚུད་གྲོང་ཚོར་ལམ་བུ་ཤར་གཏོང་ཐུབ་ཚད་100%བར་མང་དུ་ཕྱིན་པ། རིགས་ཁག་གི་ཁྲོམ་རའི་བྱེད་པོ་10565ཡོད་པ་དང་ཐོ་འགོད་མ་དངུལ་སྒོར་དུང་ཕྱུར་57.96ཟིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།