ཨ་རྡོར། 1964ལོར་བོད་ལྗོངས་རྫ་ཡུལ་རྫོང་དུ་སྐྱེས། 1983ལོར་ཁོང་ཕུལ་བྱུང་གྲུབ་འབྲས་ཐོག་ནས་རང་སྐྱོང་ལྗོངས་ཞིང་འབྲོག་སློབ་གྲྭའི་ཞིང་ལས་ཆེད་ལས་སུ་ཡིག་རྒྱུགས་འཕྲོད། 1987ལོར་སླར་ཡང་ལྷོ་ནུབ་ཞིང་ལས་སློབ་ཆེན་དུ་སློབ་སྦྱོང་ལ་བསྐྱོད། 1991ལོར་སློབ་མཐར་ཕྱིན་རྗེས་རང་སྐྱོང་ལྗོངས་ཞིང་ལས་ལག་རྩལ་ཁྱབ་གདལ་ཞབས་ཞུ་ལྟེ་གནས་སུ་ལས་བགོས་བརྒྱབ། ལས་ཀའི་དགོས་མཁོའི་དབང་གིས་ཁོང་རྟག་ཏུ་ཆ་རྐྱེན་ཞན་པ་དང་ལམ་ཐག་རིང་བའི་ཤང་གྲོང་དུ་ལས་ཀར་བསྐྱོད་དེ་རྩ་འཛུགས་ཀྱིས་སྤྲད་པའི་ལས་འགན་ཚང་མ་ལེགས་སྒྲུབ་བྱེད་ཀྱི་ཡོད།
1998ལོར་འཁོར་ཞག་སྡོད་བཞིན་པའི་ཨ་རྡོར་གྱིས་ཚན་པའི་གཤམ་སྐྱོད་ལས་འགན་ལྕི་བ་དང་མི་སྣ་དཀོན་པའི་གནས་ཚུལ་ཤེས་འཕྲལ་རང་འགུལ་ངང་འཁོར་ཞག་གི་དུས་ཚོད་མ་རྫོགས་ཀྱང་གཉེན་ཉེ་དང་བྲལ་ཏེ་སྔ་སྣུར་དུ་ལས་ཁུངས་སུ་ཡོང་། ཁོང་གིས་ལས་ཁུངས་ལ་དཀའ་ཚེགས་ཆེ་ཤོས་ཀྱི་ས་ཆར་ལས་ཀ་བྱེད་པར་འགྲོ་རྒྱུའི་རེ་བ་བཏོན། ཟླ་4ཚེས་15ཉིན་ཨ་རྡོར་དང་ལས་རོགས་ཁྲེན་ཁེ་ཡུས་ངམ་རིང་རྫོང་ཆུ་འོག་ཤང་དུ་སོན་བཟང་ཁྱབ་གདལ་འདུ་འགོད་ཀྱི་ལག་རྩལ་ཞབས་ཞུ་དང་འཕྲུལ་འདེབས་དཔེ་སྟོན་ཁྱབ་གདལ་ལས་དོན་སྤེལ་བར་མངགས། ཆུ་འོག་ཤང་དུ་འགྲིམ་འགྲུལ་སྟབས་བདེ་མེད་པ་དང་མང་ཚོགས་ཚོ་དུས་ཡུན་རིང་པོའི་སྲོལ་རྒྱུན་གྱི་རྨོ་འདེབས་བྱེད་སྟངས་གོམས་པས་ཚན་རྩལ་གྱི་བྱང་ཚད་ཧ་ཅང་ཞན་པ་དང་། ཞིང་ལས་ཐོན་སྐྱེད་ཀྱི་ཕན་འབྲས་ཞན་པ། མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་པོ་མེད། འདུ་ཤེས་རྙིང་བའི་དབང་གིས་ཁོང་ཚོས་སྐབས་ཤིག་རིང་སོན་བཟང་ཁྱབ་གདལ་དང་ལག་པས་སོན་གཏོར་སྟངས་དེ་འཕྲུལ་འདེབས་བྱེད་སྟངས་ལ་བསྒྱུར་བར་དོགས་པ་ཟ་བས་དང་ལེན་གཏན་ནས་བྱེད་ཀྱི་མེད། ཨ་རྡོར་དང་ཁྲེན་ཁེ་ཡུས་གཉིས་ཀྱིས་ཕྱོགས་གཅིག་ནས་མང་ཚོགས་ལ་ངང་རྒྱུད་རིང་པོས་དྲིལ་བསྒྲགས་སློབ་གསོ་ཡང་ཡང་བྱས་པ་དང་། ཕྱོགས་གཞན་ཞིག་ནས་འཕྲུལ་འདེབས་དང་སོན་བཟང་སྤྱད་རྗེས་ཀྱི་ཐོན་འབབ་དང་ལག་པས་སོན་གཏོར་བའི་ཐོན་འབབ་བསྡུར་བ་བྱས་ཡོད། མིག་མཐོང་ལག་ཟིན་གྱི་དོན་དངོས་ལ་བརྟེན་ནས་གནད་ལུགས་ཤོད་པ་དང་མང་ཚོགས་ལ་ཁྲིད་སྟོན་བྱས་ནས་བསམ་བློ་མ་མཐོངས་བར་ངང་རྒྱུད་རིང་པོས་འགྲེལ་བཤད་བརྒྱབ། མྱུ་གུ་འབུས་རྗེས་ཆུ་འོག་ཤང་གཅེས་གྲོང་ཚོའི་མུའུ་100ཡི་འཕྲུལ་འདེབས་ཚོད་ལྟའི་ཞིང་ཁར་མྱུ་གུ་སྐྱེ་ཚར་ཡག་པོ་བྱུང་ཡོད། ཐོན་འབབ་བསྡུར་སྐབས་མུའུ་རེར་ལག་པས་སོན་གཏོར་བ་ལས་རྒྱ་མ་300མང་དུ་ཕྱིན་པ་མ་ཟད། སོན་རྒྱ་མ་20ནས་30བར་གྲོན་ཆུང་ཐུབ་ཡོད། ཐོན་འབབ་ལ་ཧེ་བག་དེ་འདྲ་ཡོད་པ་མཐོང་སྐབས་ཨ་རྡོར་དང་ཁྲེན་ཁེ་ཡུས་ས་གནས་དེ་གར་མང་ཚོགས་ཀྱི་དགའ་ཤོས་བྱེད་སའི་ཚན་རྩལ་དགེ་རྒན་དུ་གྱུར།
ཨ་རྡོར་གྱིས་རྒྱུན་གཏན་ནས་རང་ཉིད་ལ་བླང་བྱ་ནན་པོ་བཏོན་པས་ལས་ཀར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། 1998ལོའི་ཟླ་7ཚེས་1ཉིན་ཀྲུང་གོ་གུང་ཁྲན་ཏང་གི་གྲ་སྒྲིག་ཏང་ཡོན་ལ་འཇུག་རྒྱུའི་ཆོག་མཆན་ཐོབ། ཉིན་དེར་ཁོང་གིས་མིག་ལ་མཆི་ཞག་འཁོར་བཞིན“ངས་ཏང་དང་མི་དམངས་ལ་ལེགས་སྐྱེས་དེ་བས་མང་བ་འབུལ་རྒྱུ་ཡིན། རང་ཉིད་ཀྱི་སྲོག་དོར་དགོས་བྱུང་ཡང་ཏང་གི་བཀའ་དྲིན་འཇལ་རྒྱུ་ཡིན”ཞེས་བཤད། དུས་དེ་ནས་བཟུང་ཨ་རྡོར་གྱིས་དེ་སྔོན་ལས་ལྷག་པར་རང་དོན་རྒྱབ་ཏུ་བསྐྱུར་ནས་ལས་ཀ་ཧུར་ཐག་བྱས། དབྱར་ཁ་ཤར་རྗེས་དྲག་ཆར་བསྟུད་མར་བབས་ནས་ངམ་རིང་རྫོང་གི་གྲོང་གསེབ་ཀྱི་གཞུང་ལམ་ཁག་གཅིག་ཆུ་ལོག་གིས་བསྣུབས་པ་དང་། ཁང་པར་གཏོར་སྐྱོན་ཆེན་པོ་ཕོག་པ་མ་ཟད། ཞིང་ཁ་ཡང་བསྣུབས། རྫོང་གི་རྒན་རྒོན་ཚོས“འདི་ནི་ཚེ་འདིར་མཐོང་བའི་ཆུ་ལོག་ཆེ་ཤོས་ཤིག་རེད”ཅེས་བརྗོད། ཟླ་8ཚེས་27ཉིན་གྱི་ཞོགས་པ་སྔ་པོ་ནས་ཨ་རྡོར་དང་། ཁྲེན་ཁེ་ཡུས། ཆུ་འོག་ཤང་གི་ཚན་རྩལ་ཤང་ཀྲང་གཞོན་པ་ཚེ་རིང་སྟོབས་ལགས། ཤང་ཀྲང་གི་ལས་རོགས་ནོར་བུ་ཚེ་རིང་བཅས་འཇིབ་ཆུང་རླངས་འཁོར་ལ་བསྡད་དེ་སོན་ཞིང་ལ་གནོད་འཚེ་ཕོག་ཡོད་མེད་ལྟ་ཞིབ་བྱེད་པར་བསྐྱོད། ལ་ཟུར་ཞིག་ཏུ་སླེབས་སྐབས་ལམ་ཆུས་བསྣུབས་ནས་རླངས་འཁོར་མུ་མཐུད་སྐྱོད་ཐབས་བྲལ། ནོར་བུ་ཚེ་རིང་དང་། ཨ་རྡོར། ཁ་ལོ་བ་བཅས་ཀྱིས་རླངས་འཁོར་ནས་བབས་ཏེ་ལམ་གྱི་གནས་ཚུལ་ལ་ལྟ་བར་ཕྱིན། གློ་བུར་དུ་ནོར་བུ་ཚེ་རིང་འདྲེད་བརྡར་ཤོར་ནས་དྲག་ཏུ་རྒྱུག་པའི་མདོག་གཞུང་གཙང་པོའི་ནང་ལྷུང་། དེ་མ་ཐག་ཨ་རྡོར་གྱིས་རང་ཉིད་ཀྱི་སྲོག་ཉེན་ལ་མ་འཛེམ་པར་རྙོག་ཅིང་གྲང་ཟུག་ཆེ་བའི་གཙང་ཆུའི་ནང་མཆོངས་ནས་ནོར་བུ་ཚེ་རིང་སྐྱོབ་པར་ཕྱིན། མཐར་ཨ་རྡོར་གྱིས་དྲག་ཏུ་རྒྱུག་པའི་ཆུ་བོའི་ནང་ནས་ནོར་བུ་ཚེ་རིང་བཟུང་བ་དང་། ཁོང་གཉིས་ཀྱིས་ནུས་ཤུགས་གང་ཡོད་ཀྱིས་ཆུ་ངོགས་སུ་དོན་རྩིས་བྱས། གློ་བུར་དུ་རྦ་རླབས་དྲག་པོ་ཞིག་གིས་ཁོང་གཉིས་སླར་ཡང་ཆུའི་གཏིང་དུ་དིམ། ཡུད་ཙམ་སོང་རྗེས་ཨ་རྡོར་གྱིས་ནོར་བུ་ཚེ་རིང་བཟུང་ནས་སླར་ཡང་ཆུ་ངོགས་སུ་ཐོན་རྩིས་བྱས། སྐབས་དེ་དུས་ཆུ་འགྲམ་དུ་ག་བྱེད་འདི་བྱེད་མེད་པར་གྱུར་པའི་ཚེ་རིང་སྟོབས་ལགས་ཀྱིས་ནོར་བུ་ཚེ་རིང་གི་སྟོད་གོས་བཟུང་བ་དང་། ཁྲེན་ཁེ་ཡུས་ཀྱིས་ཨ་རྡོར་གྱི་ལྟོ་ཕད་ཀྱི་ཐག་པ་ནས་བཟུང་སྟེ་ཁོང་གཉིས་ཡར་འཐེན་རྩིས་བྱས། འོན་ཀྱང་དེ་དུས་སླར་ཡང་རྦ་རླབས་དྲག་པོ་ཞིག་འཕྱུར་ནས་ཨ་རྡོར་དང་ནོར་བུ་ཚེ་རིང་ཆུ་འཁྱིལ་གྱི་ཀློང་དུ་ཚུད་དེ་མཐོང་ས་མེད་པར་གྱུར།
གཏམ་ངན་ཐོས་མ་ཐག་ཆུ་འོག་ཤང་གི་ལས་བྱེད་པ་དང་མང་ཚོགས་ཚང་མ་སྡུག་བསྔལ་གྱི་གནས་སུ་གྱར། ཁོང་ཚོས་མ་སྐུལ་དང་བླངས་ངང་དཔའ་བོའི་སྐུ་ཕུང་འཚོལ་བའི་ལས་ལ་ཞུགས། ཟླ་9ཚེས་1ཉིན་ནོར་བུ་ཚེ་རིང་གི་སྐུ་ཕུང་གཞི་ནས་རྐྱེན་ལམ་ཤོར་ཡུལ་དང་བར་ཐག་སྤྱི་ལེ་25ཡི་སྨད་རྒྱུད་ཀྱི་གྲམ་ཐང་ཞིག་ནས་རྙེད། འོན་ཀྱང་བློ་ཕམ་སྐྱེ་དགོས་པ་ཞིག་ལ་ཨ་རྡོར་གྱི་སྐུ་ཕུང་རྙེད་མེད། ཟླ་10ཚེས་29ཉིན་གཞིས་རྩེ་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡིས《བློ་མཐུན་ཨ་རྡོར་དང་ནོར་བུ་ཚེ་རིང་གིས་མཚོན་པའི“8·27”དཔའ་བོའི་ཚོགས་སྤྱིར་སློབ་སྦྱོང་བྱེད་པའི་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་གཏན་འབེབས》བཟོས་པ་དང་། རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་གིས་ཨ་རྡོར་ཀྲུང་གུང་གི་དངོས་གཞིའི་ཏང་ཡོན་ལ་ཁས་ལེན་བྱས་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཨ་རྡོར་ལ“གསར་བརྗེའི་སྔོན་གཤེགས་དཔའ་བོའི”གཟི་བརྗིད་མཚན་སྙན་སྤྲད་པ། 1999ལོའི་ཟླ་ལྔ་པར་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས་ཕུལ་བྱུང་གཞོན་ནུ་ལས་བྱེད་པ་ཨ་རྡོར་ལ་སློབ་སྦྱོང་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།