ལོ་70ཡི་རིང་འབད་འབུངས་ཡར་བརྩོན་བྱས་པས་བོད་ཀྱི་ལྗང་མདོག་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་སོང་ཡོད།
ཕག་རིའི་འབྲི་གཡག་དང་། གམ་པའི་ལུག
ལྷུན་རྩེའི་ནས་ནག་སོགས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་ཀྱི་ལེགས་ཆ་མངོན་གསལ་དོད་པ་དང་ཞིང་འབྲོག་ནགས་ཉ་བཅས་ལས་རིགས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་1965ལོའི་སྒོར་དུང་ཕྱུར་2.64ནས་2020ལོའི་སྒོར་དུང་ཕྱུར་233.5བར་འཕར་ཡོད།
ནུས་རྒྱུ་གཙང་མ་དང་། རང་བྱུང་འཐུང་ཆུ། མི་རིགས་ལག་ཤེས་བཟོ་ལས། བོད་ལུགས་གསོ་རིག་དང་བོད་སྨན་སོགས་ཚུད་པའི་བོད་ཀྱི་ཁྱད་ལྡན་དེང་རབས་བཟོ་ལས་མ་ལག་བཙུགས་པ་དང་2020ལོར་བཟོ་ལས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་331.15ཟིན་པ་དེ་1956ལོ་ལས་ལྡབ་4023.3འཕར་ཡོད།
ཁུལ་ཡོངས་ཀྱི་ཡུལ་སྐོར་ལ་མགྱོགས་མྱུར་སྐུལ་འདེད་བཏང་བས་ཡུལ་སྐོར་ལས་རིགས་མགྱོགས་མྱུར་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད། མཐོ་གསར་གྲངས་འཛིན་ཐོན་ལས་གསར་གཏོད་འཕེལ་རྒྱས་ཕྱིན་ནས་གྲངས་འཛིན་དཔལ་འབྱོར་གྱི་གཞི་ཁྱོན་སྒོར་དུང་ཕྱུར་330ལས་བརྒལ་ཡོད།
ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་སྟེ་བོད་ཀྱིས་རང་ངོས་ཀྱི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་ནུས་ཤུགས་ཡོད་རྒུས་སྐྱོད་བཞིན་ཡོད།
ཞིང་འབྲོག་ལས་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ།
“ནང་མི་11ཚང་མ་དེ་སྔ་ས་ཞིང་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད་ཀྱང་འབྲུ་རིགས་ཀྱིས་རང་གི་ལྟོ་གོས་འཕྱིད་ཙམ་ལས་མེད” མུའུ་80ཟིན་པའི“བོད་ནས་ཨང་2000”སྐྱེ་འཚར་ལེགས་ཤིང་འབྲས་བུས་མགོ་བོ་འདུད་དེ་གནས་པའི་ཚུལ་ལ་ལྟ་བཞིན་ལོ་དྲུག་ཅུ་ལ་སླེབས་པའི་སྲི་ཐར་གྱིས“ཞིང་ཁ་བཏབ་ནས་ཕྱུག་པོ་ཆགས་འདོད་ན་ད་དུང་སོན་བཟང་དང་འཕྲུལ་ཆས་ཅན་ལ་བརྟེན་དགོས”ཞེས་བརྗོད།
2019ལོར་གྲོང་སྡོད་ལས་དོན་རུ་ཁག་གི་རོགས་རམ་འོག་རྒྱལ་རྩེ་རྫོང་ར་སོག་ཤང་ནོར་ཁང་གྲོང་ཚོས་ཞིང་འཕྲུལ་མཉམ་ལས་ཁང་བཙུགས་ཤིང་། སྲི་ཐར་གྱིས་མཉམ་ལས་ཁང་ནང་ཧུར་ཐག་ཞུགས་ནས་གཉེར་སྐྱོང་གི་བསམ་ཕྱོགས་ལ་འགྱུར་ལྡོག་བཏང་སྟེ་རང་ཁྱིམ་གྱི་ཞིང་ཁ་མུའུ་40འཕྲུལ་ཆས་ལ་བརྟེན་ནས་བཏབ་པ་དང་དེ་བྱིངས་ཀྱི་མུའུ་40བརྒྱུད་བཤུག་བཏང་ཡོད། “ངལ་རྩོལ་ནུས་ཤུགས་ལྷག་མ་ཕྱིར་ལས་མི་བྱེད་པར་བསྐྱོད་པས་ལོའི་ཡོང་འབབ་2017ལོའི་སྒོར་ཁྲི་10ནས་2020ལོའི་སྒོར་ཁྲི་60བར་འཕར་ཡོད”
ནག་ཆུ་གྲོང་ཁྱེར་དགའ་བདེ་སྐྱེ་ཁམས་འབྲོག་ལས་ཐོན་ལས་དཔེ་སྟོན་རྟེན་གཞིར་བཀྲ་ལྷས་ཉིན་ལྟར་ལས་ཀ་ཆུ་ཚོད་6བྱས་པར་ཟླ་རེར་ཡོང་འབབ་སྒོར་3000རག་གི་ཡོད། བཀྲ་ལྷའི་ཕ་ཡུལ་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་སུ་རྩྭ་ཆུ་བཟང་བས་དེང་རབས་འབྲོག་ལས་འཕེལ་རྒྱས་གཏོང་རྒྱུར་འཚམ་པོ་ཡོད། འོན་ཀྱང་དེ་སྔ་གནམ་ལ་བརྟེན་ནས་འབྲོག་ལས་གཉེར་དགོས་པས་ཕན་འབྲས་དེ་ཙམ་ཐོན་གྱི་མེད། བཀྲ་ལྷས་ལོ་གཅིག་དཀའ་ལས་བརྒྱབ་རུང་ཡོང་འབབ་སྒོར་9000ལྷག་ཙམ་ལས་ཡོང་གི་མེད། ས་གནས་དེ་གས་སྣེ་འདྲེན་ཁེ་ལས་ནང་འདྲེན་ཧུར་ཐག་བྱས་ཏེ“སྣེ་འདྲེན་ཁེ་ལས་+འོ་མའི་རྟེན་གཞི+མཉམ་ལས་ཁང་+འབྲོག་པ”བཅས་ཀྱི་བྱེད་སྟངས་ལ་བརྟེན་ནས་སྲོལ་རྒྱུན་གྱི་འབྲོག་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་བས་རྩྭ་ཕྱུགས་ཀྱི་འགལ་ཟླ་ཞི་ལྷོད་དུ་ཕྱིན་པ་མ་ཟད། དགྲ་ལྷ་ལྟ་བུའི་འབྲོག་པ་འབྲོག་རའི་ལས་བཟོར་གྱུར་ཡོད།
“འོ་མ་ཉོ་སྒྲུབ་དང་། རྩྭ་ར་ནང་བཤུག ཐོན་ལས་བགོ་འགྲེམས་སོགས་ཀྱི་བྱེད་ཐབས་བརྒྱུད་ཀུང་སིས་ལོ་4ཡི་རིང་འབྲོག་པ་ཁྲི་2ལྷག་ཙམ་གྱི་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱས་པ་དང་རིམ་རྩིས་བྱས་ན་ཡོང་འབབ་སྣ་ཚོགས་སྒོར་ཁྲི་4783.72བྱུང་ཡོད”ཅེས་དགའ་བདེ་སྐྱེ་ཁམས་འབྲོག་ལས་ཐོན་ལས་དཔེ་སྟོན་རྟེན་གཞིའི་འགན་འཁུར་བ་སྨོན་རྒྱལ་ཐར་གྱིས་བརྗོད།
2020ལོར་བོད་དུ་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་162ཡོད་པ་དང་ཞིང་འབྲོག་ཐོན་རྫས་ལས་སྣོན་ལས་རིགས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་57ཟིན་པ་དེ་2015ལོའི་ལོ་མཇུག་ལས་ལྡབ་གཅིག་འཕར་ཡོད།
ཞིང་འབྲོག་ལས་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་ཆབས་ཅིག ལྗོངས་ཡོངས་ཀྱི་ཞིང་འབྲོག་པའི་ཡོང་འབབ་མགྱོགས་མྱུར་འཕར་ནས་2020ལོར་སླེབས་སྐབས་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་14598ཟིན་པ་དེ་ལོ་གོང་མ་ལས་12.7%འཕར་ནས་ལོ་18བསྟུད་མར་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད།
ཡུལ་སྐོར་ལས་རིགས་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད།
བོད་ཀྱི་ཐུན་མོང་མ་ཡིན་པའི་རང་བྱུང་དང་མི་ཆོས་མཛེས་ལྗོངས་ལས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་སུ་ཕྱིན་ཡོད། ཉེ་བའི་ལོ་ཤས་རིང་། བོད་ཀྱིས་ཁུལ་ཡོངས་ཀྱི་ཡུལ་སྐོར་ལ་མགྱོགས་མྱུར་སྐུལ་འདེད་བཏང་བས་འཛམ་གླིང་གི་ཡུལ་སྐོར་དམིགས་ས་སྐྲུན་པའི་ཕན་འབྲས་རགས་ཙམ་མངོན་ཞིང་། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་རིམ་རྩིས་བྱས་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་15763.26ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་2125.96བྱུང་ཡོད། འདི་ལོའི་ལོ་སྟོད་དུ་ལྗོངས་ཡོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་1758.01ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་110.9%འཕར་ཡོད།
ལྷ་ས་སྐྱིད་ཆུའི་ངོགས་ཀྱི་བུམ་པ་རིའི་འདབས་སུ་སྐར་ཚོགས་མཁའ་རུ་བཀྲ་ཞིང་སྔོ་ལྗང་རི་ཀླུང་གིས་བརྒྱན་པའི་ཁུལ་དུ་དངོས་ལྗོངས་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》འཁྲབ་སྟོན་བྱས་པས་ཡུལ་སྐོར་བ་ཧ་ཅང་མང་པོའི་ཡིད་དབང་རབ་ཏུ་འཕྲོགས་ཡོད། “རིག་གནས་ལ་བརྟེན་ནས་ཡུལ་སྐོར་འཕེལ་རྒྱས་གཏོང་བ་དང་། ཡུལ་སྐོར་ལ་བརྟེན་ནས་རིག་གནས་མངོན་པར”བྱས་པས། ཐང་ག་དང་། བོད་གྲི སྤོས།
སྣམ་བུ་སོགས་ཁྱད་ལྡན་ཡུལ་སྐོར་གྱི་རིག་གནས་བསམ་བཀོད་ཐོན་རྫས་བྲིན་ཁ་རྒྱུག་པོ་བྱུང་ཡོད།
འདི་ལོ་ལོ་33ལ་སླེབས་པའི་ལྷ་འབྲི་བ་འབྲུག་མོ་མཚོ་ནག་ཆུ་ནས་ཡིན་པ་དང་། 2015ལོར་ལྷ་སར་རང་ཉིད་ཀྱི་ལས་དོན་ཁང་བཙུགས་ཤིང་། ཁོང་གིས“ད་ཆ་སློབ་མ་20ཡིས་བརྒྱུད་རིམ་ལྡན་པའི་གསོ་སྦྱོང་དང་ལེན་བྱེད་བཞིན་ཡོད། སྔོན་དཔག་བྱས་ན་ལོ་5ནས་10ཡི་རྗེས་སུ་ཁོ་ཚོ་ཚང་མ་རང་རྐྱ་འཕེར་བའི་ལྷ་འབྲི་བར་འགྱུར་རེ་ཡོད”ཅེས་བརྗོད།
མིག་སྔར། ཡུལ་སྐོར་ལས་རིགས་བོད་ཀྱི་སྔོ་ལྗང་འཕེལ་རྒྱས་དང་ཞིང་འབྲོག་པའི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། བོད་དུ་ཡུལ་སྐོར་དང་རིག་གནས་ཐོན་ལས་གཉེར་མཁན་ཁྲི་40ཙམ་ཡོད། 2020ལོ་བར་བོད་ཀྱི་ཞིང་འབྲོག་པ་ཐད་ཀར་རམ་ཡང་ན་ཞོར་དུ་གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་ལ་མི་ཐེངས་ཁྲི་8.6ཞུགས་པར་ལོར་མི་རེར་ཆ་སྙོམས་འབབ་འཕར་སྒོར་4300ལྷག་ཙམ་བྱུང་ཡོད། ཐང་ག་དང་། འཇིམ་བརྙན། སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་སོགས་མཁོ་སྤྲོད་དང་དགོས་མཁོ་གཉིས་ཀ་མང་བས་གཞི་ཁྱོན་ཆེ་བའི་གསར་དར་ཐོན་ལས་ཤིག་ཏུ་གྱུར་ཡོད།
ནུས་རྒྱུ་གསར་པ་དང་གྲངས་འཛིན་དཔལ་འབྱོར་གྱིས་སྤུས་ཚད་ལེགས་པའི་འཕེལ་རྒྱས་ལ་སྒུལ་ཤུགས་བསྣན་པ།
ཞི་བས་བཅིངས་འགྲོལ་མ་བཏང་གོང་གི་བོད་རྙིང་པར་ཆན་ཝ་125ཟིན་པའི་ཆུ་ཤུགས་གློག་ཁང་ཆུང་གྲས་གཅིག་ལས་མེད་ཅིང་། དེས་མཐོ་རིམ་སྐུ་དྲག་ཉུང་ཤས་ལ་མ་གཏོགས་གློག་གཏོང་ཐུབ་ཀྱི་མེད།
1960ལོར་རྔ་ཆེན་ཆུ་ཤུགས་གློག་ཁང་བསྐྲུན་ནས་གློག་གཏོང་འགོ་ཚུགས་པས་ལྷ་སའི་གྲོང་མིས་གློག་ཐོག་མར་སྤྱད་ཡོད།
དེ་རྗེས་ཡར་འབྲོག་གཡུ་མཚོ་དང་། འོལ་ཁ། ཁྲ་ལུང་། གསེར་ཆུ། འབྲི་གུང་། སེང་གེ་ཁ་འབབ། ཞོལ་ཁ། སྟག་མགོ རྫམ། རྡོ་ཕུག མགོ་རྡོག བྱང་པ་སོགས་ཆུ་ཤུགས་གློག་ཁང་དང་། ཡངས་པ་ཅན་གྱི་ས་འོག་ཚ་ནུས་གློག་ཁང་། དྲ་སྦྲེལ་འོད་ཤུགས་གློག་ཁང་ཆེ་གྲས་སོགས་སྔ་རྗེས་སུ་བསྐྲུན་ནས། བོད་ལྗོངས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྒྱུན་མཐུད་རྟེན་གཞིར་བསྐྲུན་རྒྱུ་རེད། 2020ལོ་བར་ནུས་རྒྱུ་གཙང་མའི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་89.09%ཟིན་ཡོད། 2015ལོ་ནས་2020ལོའི་ལོ་མཇུག་བར་རིམ་རྩིས་བྱས་ན་གློག་ཤུགས་གཙང་མ་ཆུ་ཚོད་ཆན་ཝ་དུང་ཕྱུར་65ཕྱིར་གཏོང་བྱས་ཡོད།
བོད་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ནས་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཧ་ཅང་ཉུང་དུ་ཕྱིན་པ་དང་ཆབས་ཅིག ས་མཐོའི་ཐོན་ཁུངས་ཀྱི་ལེགས་ཆ་དཔལ་འབྱོར་གྱི་ལེགས་ཆར་བསྒྱུར་ཡོད། ལོ་70ཡི་འཕེལ་རྒྱས་བརྒྱུད་ནུས་རྒྱུ་གཙང་མ་ནས་རང་བྱུང་འཐུང་ཆུའི་བར་དང་། ཞིང་འབྲོག་ཐོན་རྫས་ལས་སྣོན་ལས་རིགས་ནས་མི་རིགས་ལག་ཤེས་བཟོ་ལས་དང་བོད་ལུགས་གསོ་རིག་དང་བོད་སྨན་བར་བོད་ཀྱིས་ས་གནས་དེ་གའི་ཁྱད་ཆོས་ལྡན་པའི་དེང་རབས་བཟོ་ལས་མ་ལག་བཙུགས་ཡོད།
མིག་སྔར། བོད་དུ་མཉེན་ཆས་དང་ཆ་འཕྲིན་ལག་རྩལ་ཞབས་ཞུའི་ཁེ་ལས་300ལྷག་ཙམ་ཡོད་པ་དང་གྲངས་འཛིན་དཔལ་འབྱོར་གྱི་གཞི་ཁྱོན་སྒོར་དུང་ཕྱུར་330ལྷག་ཙམ་ཟིན་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་ལེགས་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད།