དཔྱིད་གསར་དུས་ཆེན་བཏང་རྗེས། སྔོན་སྐྱོད་ལེན་ཤོག་ཏུ་ཉིན་ལྟར་གྲོངས་མཁན་ཡོད་པས། ཉིན་ལྟར་ཕུང་པོ་དུར་སྐྱེལ་བྱེད་དགོས། མི་ཁག་གཅིག་འཐབ་གྲོགས་ཀྱི་ཕུང་པོ་འདེགས་པའི་ལམ་བར་དུ་འགྱེལ་གྱི་ཡོད།
དང་ཐོག་ཁོ་ཚོས་འཐབ་གྲོཌ་ཐག་རིང་དུ་བཏེཌ་ནས་ས་ཆ་སྐྱིད་ས་ཞིག་འདེམས་ཀྱི་ཡོད།
གྲོངས་མཁན་ཇེ་མང་དུ་འགྲོ་བ་དང་བསྟུན་དུར་ས་ཡང་ཐག་ཇེ་ཉེར་འགྲོ་བཞིན་ཡོད།
གང་ཡིན་ཟེར་ན་གསོན་པོས་ཕུང་པོ་ཐག་རིང་ལ་སྐྱེལ་བའི་ནུས་ཤུགས་རྦད་དེ་ཟད་པས་རེད།
ཉིན་ཞིག་ལེན་ཤོག་ཡོངས་སུ་དུར་སྐྱེལ་ཐེངས་11ཙམ་བྱས་ཡོད།
ལེན་ཤོག་ཡོངས་ཀྱི་མི་80%ཙམ་མལ་ལས་ལངས་ཐབས་བྲལ།
ཡུས་ཧུང་ནི་བྱེས་འཐབ་དམག་ཤོག་དང་པོའི་སྐད་གྲགས་ཡོད་པའི་འཐབ་འཛིང་དཔའ་བོ་ཞིག་རེད། གྲོངས་ལ་ཉེ་བའི་མཚན་མོ་དེར་ཁོང་གིས་ཀོ་ཤུབས་ལག་པར་གྱོན་ནས་གོག་བགྲོད་དང་བཅས་ན་བཞིན་ཡོད་པའི་ཀན་ཡུས་ཀྲའོ་ཡི་ས་དོང་གི་འཁྲིས་སུ་བཅར་ནས“ང་ལ་རྡཱ་ཡང་བཞི་ཡོད། རང་གིས་ཉར་ཚགས་བྱེད་རོཌ། འདི་ནི་ཚེ་འདིར་ངས་ཏང་དངུལ་སྐྱེལ་ཐེངས་མཇུག་ཤོས་དེ་ཡིན”ཞེས་སྨྲས།
“ད་ཆ་བཅུ་ཤོག་ཏུ་མི་ཁ་ཤས་ལས་མེད། བློ་མཐུན་མང་ཆེ་བ་གྲོངས་ཟིན། ང་ཡང་ཉིན་ཤས་ལས་འཁྱོལ་བ་མི་འདུག བོད་དུ་ད་དུང་བཅིངས་འགྲོལ་བཏང་མེད་པས་དཔུང་སྡེ་མགྱོགས་པོ་སླེབས་ངེས་རེད། ཁྱེད་ཀྱིས་ཁོ་ཚོར་ལམ་སྣེ་འཁྲིད་རོགས། དཀའ་ཉེན་ལས་ཐར་གྲབས་ཡོད་ཀྱང་ང་འཁྱོལ་བ་མི་འདུག བོད་དུ་བཅིངས་འགྲོལ་གཏོང་སྐབས་ང་ལ་ཤོག་བུའི་དངུལ་ཁ་ཤས་སྲེག་རོགས”
—— 《བོད་སྐྱོད་དཔའ་བོའི་སྔོན་སྐྱོད་ལེན་ཤོག》ལས་བཏུས།
འདི་ནི་2000ལོར་བོད་སྐྱོད་སྔོན་སྐྱོད་ལེན་ཤོག་གི་སྔོན་གཤེགས་དཔའ་བོར་བཙུགས་པའི་དྲན་གསོའི་རྡོ་རིང་ཡིན་པ།
དབྱར་དུས་ཀྱི་ཤན་ཆེན་ཤང་དུ་ཉི་འོད་དྲོ་ལ་སིལ་རླུང་དལ་བུར་ལྡང་བཞིན་མཆིས།
ཤན་ཆེན་ཤང་ནི་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་དབུས་སུ་གནས་པ་དང་། དེའི་ནུབ་དགེ་རྒྱས་དང་རུ་ཐོག་དང་འབྲེལ་ཡོད་པ་དང་། བྱང་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཧོ་ཐན་ས་ཁུལ་གྱི་ཡུས་ཐན་རྫོང་དང་འབྲེལ་ཡོད། དེའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་2.2ཟིན་གྱི་ཡོད། ཤང་གྲོང་གནས་སའི་ས་བབ་མཐོ་ཚད་སྨི་4560ཟིན་པ་དང་། སྒེར་རྩེ་རྫོང་གྲོང་དང་བར་ཐག་རིང་ཤོས་དང་ཆ་རྐྱེན་སྐྱོ་ཤོས་ཀྱི“བྱང་རྒྱུད་ཤང་གསུམ”གྱི་གྲས་ཤིག་རེད། ང་ཚོ“སྔོན་སྐྱོད་ལེན་ཤོག་གི་རྗེས་ཤུལ་འཚོལ་བའི”བཅར་འདྲི་ཚོགས་ཆུང་གིས་སྒེར་རྩེ་རྫོང་གྲོང་ནས་ནུབ་བྱང་རྒྱུད་ཀྱི་ཤན་ཆེན་ཤང་གི་ཕྱོགས་སུ་བསྐྱོད་པ་ཡིན།
སྤྱི་ལེ་143གྱི་འགྲུལ་ལམ་གྱི་ལམ་དུམ་ཁག་གཅིག་ཏུ་གསེག་ལམ་བརྒྱུད་དགོས་པ་ཕུད། མང་ཆེ་བར་སྣུམ་ནག་ལམ་བཏིངས་འདུག ཆུ་ཚོད་གསུམ་ལྷག་ཙམ་སོང་རྗེས་ང་ཚོ་ཤན་ཆེན་ཤང་དུ་འབྱོར་བྱུང་།
ཤན་ཆེན་ཤང་ནས་ནུབ་ངོས་སུ་སྤྱི་ལེ་9ཙམ་བསྐྱོད་ནས། བོད་སྐྱོད་དཔའ་བོའི་སྔོན་སྐྱོད་ལེན་ཤོག་གི་དཔོན་དམག་ཁག་དང་པོས་མིང་བཏགས་པའི་གྲ་མ་མང་པོ་ཞེས་པའི་ས་ཆར་སླེབས་ཀྱི་འདུག འདི་ག་ནི་སྔོན་སྐྱོད་ལེན་ཤོག་གི་དཔའ་བོའི་དྲན་གསོའི་རྡོ་རིང་གནས་ས་ཡང་རེད། གྲ་མ་མང་པོར་ས་གནས་དེ་གའི་འབྲོག་པས‘རྐྱང་རྔོན་ས’ཞེས་འབོད་ཀྱི་ཡོད། ཤན་ཆེན་ཤང་བྲག་ཕུག་གྲོང་ཚོའི་ཨུ་ལྷན་གྱི་ཀྲུའུ་རེན་བཀྲ་རིག་གིས“སྔོན་ཆད་འདི་གར་རྟག་ཏུ་རི་སྐྱེས་སྲོག་ཆགས་མཐོང་རྒྱུ་ཡོད། འདི་གའི་སྤྱི་ལེ་བརྒྱའི་ས་ཁོངས་ནི་ཁ་ཐོར་དུ་གནས་པའི་འབྲོག་པའི་རི་དྭགས་རྔོན་ས་གཙོ་བོ་ཡང་རེད”ཅེས་བཤད།
གྲ་མ་མང་པོར་ལོ་ཟླའི་རྗེས་ཤུལ་མངོན་པའི་དྲན་གསོའི་རྡོ་རིང་རྙིང་པ་ཞིག་དང་། 2011ལོར་བཙུགས་པའི་སྔོན་སྐྱོད་ལེན་ཤོག་གི་དྲན་གསོའི་རྡོ་རིང་ཞིག་འགྱིང་ངེར་གནས་འདུག མཐའ་འཁོར་དུ་ཞིབ་ལྟ་བྱེད་སྐབས་ས་དོང་དང་། རྟ་ར། འགེབས་སྲུང་འཛིང་རགས། དགྲ་འགོག་ས་དོང་། འཛིང་ར་སོགས་ཀྱི་རྗེས་ཤུལ་མཐོང་རྒྱུ་འདུག ལི་ཏི་སན་དང་པ་ལི་ཞང་ཚུད་པའི་བོད་སྐྱོད་སྔོན་སྐྱོད་ལེན་ཤོག་གི་སྔོན་གཤེགས་དཔའ་བོ་མང་པོ་འདི་གར་རིན་བྲལ་ཚེ་སྲོག་ཤོར་ཡོད།
བོད་སྐྱོད་སྔོན་སྐྱོད་ལེན་ཤོག་གི་ལོ་རྒྱུས་རང་བཞིན་གྱི་མཛད་རྗེས་དང་མངའ་རིས་ཀྱི་བརྗིད་ཆེའི་གཏམ་རྒྱུད་མང་དག་ཅིག་གྲ་མ་མང་པོ་ནས་གྲགས། ལོ་རྒྱུས་ཀྱི་དུས་མཚམས་དེ་སེམས་ལ་བརྟན་པོར་ངེས་ཆེད་བཙུགས་པའི་ཤན་ཆེན་ཤང་ནི་སྔོན་གཤེགས་དཔའ་བོ་ཚོའི་ཚེ་སྲོག་དང་ཁྲག་དྲོན་ལས་བྱུང་བ་ཞིག་རེད།
ཤན་ཆེན་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཤང་ཀྲང་རྒྱལ་སྲས་ཀྱིས། ཤན་ཆེན་ཤང་ནི་1999ལོར་ཆུས་གཏོར་ཤང་བཙུགས་བྱས་རྗེས་མངའ་འོག་ཏུ་བྲག་ཕུག་དང་། ནག་རེག་གསུམ་པ། དམར་གོག དེའུ་ཁམ་ཧྲོག རལ་གཞུང་། པགས་ར་བཅས་སྲིད་འཛིན་གྲོང་ཚོ་6ཡོད། ཤང་ཡོངས་སུ་དུད་ཚང་489དང་མི་གྲངས་2233ཡོད་ཅིང་། 2019ལོར་ཤང་ཧྲིལ་པོ་དབུལ་སྒྲོལ་ཐུབ་ཡོད།
“ཤང་གྲོང་ལས་ཁུངས་ཀྱི་གསོ་རླུང་མཁོ་སྤྲོད་སྒྲིག་ཆས་མིག་སྔར་བཟོས་ཟིན་ཡོད། རྒྱལ་ཁབ་གློག་དྲ་ཤར་གཏོང་ཐུབ་རྗེས་སྤྱོད་ཐུབ་སྲིད། སྔོན་ཆད་དང་བསྡུར་ན་འདི་གའི་ཆ་རྐྱེན་ཉིན་བཞིན་ལེགས་སུ་འགྲོ་བཞིན་ཡོད”ཅེས་རྒྱལ་སྲས་ཀྱིས་བཤད།
རྒྱལ་སྲས་ནི་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ནས་ཡིན་ཞིང་། 2009ལོར་སློབ་ཆེན་ཐོན་རྗེས་མངའ་རིས་སུ་ལས་བགོས་བརྒྱབ། ཁོང་གིས་ཤན་ཆེན་ཤང་གི་ལོ་བཅུ་ལྷག་ཙམ་གྱི་འཕོ་འགྱུར་ཆེན་པོ་མིག་མཐོང་ལག་ཟིན་བྱུང་ཡོད།
ཤན་ཆེན་ཤང་སྲིད་གཞུང་གི་མི་རིང་བའི་སར་འབྱོར་འབྲིང་དཔེ་སྟོན་བདེ་སྡོད་ཁང་པ་རྫ་མདོག་གྲལ་སྟར་འགྲིགས་པོས་གནས་ཤིང་། ཁང་པ་ཁག་གཅིག་གི་སྒོ་ཕྱེ་འདུག སྒེར་རྩེ་རྫོང་དྲིལ་བསྒྲགས་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་པ་སངས་ནོར་བུས་ང་ཚོ་དུད་ཚང་མང་པོ་ཞིག་ལ་ལྟ་སྐོར་དུ་ཁྲིད་བྱུང་།
ལོ་34ལ་སླེབས་པའི་ཆོས་གྲགས་ལོ་ཤས་གོང་པགས་ར་གྲོང་ཚོ་ནས་བྲག་ཕུག་གྲོང་ཚོར་ཨར་པོ་རྒྱུག་པར་བསྐྱོད། ཕྱིས་སུ་འདི་གར་མནའ་མ་བསུས་ནས་གཞི་ཆགས། ཁོང་གིས་སྣུམ་སྐྱེལ་རླངས་འཁོར་གཏོང་ཤེས་པ་དང་། ཟླ་བ་གཉིས་ཀྱི་གོང་ལ་ཡོང་འབབ་སྒོར་ཁྲི་2ཙམ་བྱུང་ཡོད། ཆོས་གྲགས་ཀྱིས། ངའི་ཡོང་འབབ་དང་ནང་མི་དྲུག་གི་ལོ་རེའི་རྩྭ་ཐང་ཁ་གསབ་དང་བཟའ་ཟླའི་སྐྱེ་ཁམས་ཀྱི་ཁ་གསབ་ཡོད་པས་ང་ཚོ་ཚང་མ་དབུལ་ཕོངས་ཀྱི་གནས་ལ་བསྒྲལ་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད་ཅེས་ངོ་སྤྲོད་བྱས།
ཤང་སློབ་ཆུང་དུ་མ་བྱན་བྱེད་མྱོང་བའི་ཚེ་བཀྲ་དེ་སྔ་ཤན་ཆེན་ཤང་པགས་ར་གྲོང་ཚོའི་གྲོང་མི་རེད། 2001ལོ་ནས་བཟུང་ཁོང་ཤང་དུ་གནས་སྤོ་བྱས། ད་ཆ་ཁོང་དང་བཟའ་ཟླ་གཉིས་ཀར་ཡོང་འབབ་བརྟན་པོ་ཡོད།
ཚེ་བཀྲས། ངའི་ཕ་འདས་པོ་ནོར་ལགས་ཀྱིས་དེ་སྔ་སྔོན་སྐྱོད་ལེན་ཤོག་གི་དཔོན་དམག་མཇལ་མྱོང་བ་དང་། ད་དུང་བཅིངས་འགྲོལ་དམག་མིར་ཁལ་མས་དངོས་ཟོག་དབོར་རོགས་གནང་མྱོང་ཡོད། པཱ་ལགས་ཀྱིས་སྐབས་དེ་དུས་ཆ་རྐྱེན་ཞན་ལ་གནམ་གཤིས་ངན་པས་སྔར་ཡོད་ཀྱི་ཁལ་མ་མགོ་གྲངས་80ཙམ་ནས་མཐར་ཕྱེད་ཀ་ལས་ལྷག་མེད་ཅེས་གསུངས་བྱུང་།
སྔོན་སྐྱོད་ལེན་ཤོག་གི་གཏམ་རྒྱུད་དང་ཤོད་རྒྱུན་ད་ཆའི་བར་དུ་ཤན་ཆེན་ཤང་གི་འབྲོག་པའི་ངག་རྒྱུན་དུ་འཇགས་ཡོད།
རྒད་པོ་བཀྲ་བུའི་ཏང་ལོ་40ཙམ་ཟིན་པ་དང་། ཁོང་ཁྱིམ་གྱི་ཆ་སྒམ་གྱི་མངོན་ཆེ་ཤོས་ཀྱི་སར་གཟི་བརྗིད་མཚན་སྙན་ལག་ཁྱེར་མང་པོ་བཞག་འདུག 2012ལོའི་ཟླ་4ཚེས་21ཉིན། ཁོང་དང་བཟའ་ཟླ་སྐྱིད་སྐྱིད་མོས་སྐྱིད་སྐྱིད་མོའི་ཁྱིམ་ཚང་དང་སྔོན་སྐྱོད་ལེན་ཤོག་གི་དཔོན་དམག་འགྲོ་འོང་བྱེད་སྐབས་བཞག་པའི་རྡཱ་ཡང་11ཚང་མ་མངའ་རིས་དམག་ཁུལ་ཡན་ལག་ཁང་གི་དམག་དོན་ལོ་རྒྱུས་ཁང་ལ་ཞལ་འདེབས་ཕུལ་བ་རེད། མངའ་རིས་དམག་ཁུལ་ཡན་ལག་ཁང་གིས་ཁོང་ལ་ལག་ཁྱེར་ཞིག་སྤྲད་པ་དང་། ཁོང་གིས་དེར་མཐོང་ཆེན་པོ་བྱེད་ཀྱི་ཡོད།
“བོད་སྐྱོད་དཔའ་བོའི་སྔོན་སྐྱོད་ལེན་ཤོག་གི་དཔོན་དམག་ཚོའི་དཀའ་ཉེན་ལ་མི་སྐྲག་པའི་སྙིང་སྟོབས་ཇི་སྲིད་བར་དུ་གྲ་མ་མང་པོར་གནས་པ་དང་། མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་བཞིན་ཡོད། ང་ཚོ་ནི་སྙིང་སྟོབས་དེའི་བག་ཆགས་འོག་འཚར་ལོངས་བྱུང་བ་ཞིག་རེད། ནམ་ཡང་ཏང་གི་བཀའ་དྲིན་ཚོར་བ་དང་ཏང་གི་རྗེས་སུ་འབྲང་བ་ནི་ང་ཚོའི་ཐོག་མའི་བསམ་འདུན་ཡིན”ཞེས་བཀྲ་བུས་བཤད།
(རྩ་གཉིས་ཨང་རྟགས་བཤེར་འབེབས་བྱས་ན་ནང་དོན་དེ་བས་མང་བར་བལྟ་ཐུབ)