དབུ་ཤོག>ཆེད་སྒྲིག
  • འཛམ་གླིང་ཡང་རྩེའི་ངོ་མཚར་ཆེ་བའི“མཁའ་ལམ”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-03

    1016006_yis_1630598400000_s.jpg

     འདི་ནི་ཤིན་བོད་གཞུང་ལམ་གཡས་གཡོན་གྱི་ཡུལ་ལྗོངས་ཡིན་པ།

    1017957_yis_1630598400000_s.jpg

    རྩ་གཉིས་ཨང་རྟགས་བཤེར་འབེབས་བྱས་ན་ནང་དོན་དེ་བས་མང་བར་བལྟ་ཐུབ།

    ས་བབ་རིམ་བཞིན་མཐོ་རུ་འགྲོ་བ་དང་བསྟུན་ནས་གནམ་གཤིས་ཀྱང་ཇེ་སྡུག་ཏུ་སོང་སྟེ། གསོ་རླུང་དཀོན་པའི་ཁར། རླུང་བུ་འུར་འུར་དུ་ལྡང་ནས་གནམ་གཤིས་གྲང་ངར་ཇེ་ཆེར་འགྲོ་གི་འདུག ཁོ་ཚོས་བསྐྱོད་པའི་གཞུང་ལམ་ནི་འཛམ་གླིང་གི་ལམ་ཐག་རིང་ཤོས་དང་། ས་བབ་མཐོ་ཤོས། གྲང་ངར་ཆེ་ཤོས། ཉེན་ཁ་ཆེ་ཤོས། དཀའ་ཚེགས་ཆེ་ཤོས་བཅས་ཀྱི་ལམ་ཞིག་རེད།

    —— 《བོད་སྐྱོད་དཔའ་བོའི་སྔོན་སྐྱོད་ལེན་ཤོག》ནས་བཏུས།

    ཡེ་ཁྲེང་རྫོང་གི་ཤིན་བོད་གཞུང་ལམ་གྱི་སྣེ་མོ་ནས་རླངས་འཁོར་བཏང་སྟེ་སྤྱི་ལེ་100ལྷག་ཙམ་བསྐྱོད་རྗེས། ས་བབ་མཐོ་ཚད་སྨི་1000ལྷག་ཙམ་ནས་སྨི་3150བར་མཐོ་རུ་ཕྱིན་སོང་། ང་ཚོ“སྔོན་སྐྱོད་ལེན་ཤོག་གི་རྗེས་ཤུལ་འཚོལ་བའི”བཅར་འདྲི་འཕྲིན་སྤེལ་ཚོགས་ཆུང་ཤིན་བོད་གཞུང་ལམ་གྱི་ལ་ཉག་དང་པོ་སྟེ། ཁུའུ་ཏི་ལར་འབྱོར་རྗེས། བོད་ཀྱི་ཕྱོགས་སུ་རྒྱང་ལྟ་བྱེད་སྐབས། མུ་ལ་མུ་ཁྱུད་ཀྱི་གངས་རིའི་ཚོགས་རྣམས་ནི་ང་ཚོའི་མདུན་སྐྱོད་ཀྱི་ལམ་བུ་འགོག་པའི་གྱང་མཐོན་པོ་དང་གཉིས་སུ་མེད་པར་འགྱིང་ངེར་གནས་ཤིང་། མཐོང་བ་ཙམ་གྱིས་མི་སེམས་ལ་སྐྲག་སྣང་སྟེར་བར་བྱེད། འདི་ནི་བོད་དུ་སྐྱོད་སྐབས་ངེས་པར་དུ་བརྒྱུད་དགོས་པའི་ཁུ་ནུ་རི་བོའི་རང་བྱུང་བཙན་འགག་རེད།

    མཁའ་དབྱིངས་ཀྱི་གཞུང་ལམ། ནམ་ཡང་བརྗེད་པར་དཀའ་བའི་དཀའ་ཚེགས།

    གལ་ཏེ་བོད་དུ་སྐྱོད་པའི་གཞུང་ལམ་ནི“མཁའ་ལམ”ཡིན་ན། ཤིན་བོད་གཞུང་ལམ་གྱི་རྒྱལ་ལམ་219ནི“མཁའ་ལམ་གྱི་མཁའ་ལམ”རེད། ཤིན་བོད་གཞུང་ལམ་དུ་སྔ་རྗེས་སུ་གངས་འཁྱགས་ཀྱིས་བསྡམས་པའི་ལ་16རྒྱག་དགོས་ཤིང་། ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ཟིན་པའི་ལ་དེ་དག་ནི་ས་བབ་མཐོ་ཤོས་དང་། ཉེན་ཁ་ཆེ་ཤོས། ཁོར་ཡུག་སྐྱོ་ཤོས་བཅས་ཀྱི་ས་མཐོའི་གཞུང་ལམ་ཞིག་རེད།

    ཡེ་ཁྲེང་དོན་གཅོད་ཁྲུའུ་རུ་བཅའ་སྡོད་མངའ་རིས་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་ཁ་ལོ་བ་སུའུ་ཅེ་ཡིས་གསར་འགོད་པར། དུས་རབས་གོང་མའི་ལོ་རབས་90པར་ཤིན་བོད་གཞུང་ལམ་གྱི་ཆ་རྐྱེན་ཧ་ཅང་སྐྱོ་བ་དང་། ལམ་དུམ་མི་ཉུང་བ་ཞིག་ལ་རླངས་འཁོར་གཅིག་ལས་མི་ཐར་བ་མ་ཟད། ལྷག་དོན་དུ་ཤིན་ཅང་གི་མངའ་ཁོངས་སུ་སྐྱོད་སའི་ཁུའུ་ཏི་དང་། མཱ་ཀྲ། ཧེ་ཁཱ་ཙེ་བཅས་ལ་གསུམ་རྒྱག་སྐབས་ལུགས་སྲོལ་ལྟར་ན་སྔ་དྲོ་རླངས་འཁོར་ལ་ནས་འབབ་པ་དང་ཕྱི་དྲོ་ལར་འཛེག་གི་ཡོད་ཅེས་བརྗོད་བྱུང་།

    “ལམ་ཧ་ཅང་གུ་དོག་པས་གལ་སྲིད་རླངས་འཁོར་གཅིག་ལ་སྐྱོན་ཤོར་ན་ཚང་མ་དེ་གར་ལུས་ཀྱི་ཡོད། སྐབས་དེ་དུས་ཡེ་ཁྲེང་ནས་ཐོན་ཚེ་སེང་གེ་ཁ་འབབ་གྲོང་རྡལ་དུ་མགྱོགས་ཤོས་ལའང་ཉིན་5ལྷག་ཙམ་འགོར་བ་དང་ལམ་བར་དུ་སྤྱིར་ན་ཞག་སྡོད་བྱ་ཡུལ་གཅིག་ཀྱང་མེད། ཐེངས་ཤིག་ངའི་རླངས་འཁོར་མི་མེད་ལུང་སྟོང་དུ་ལུས་ནས་གཟའ་འཁོར་གཅིག་ཏག་ཏག་སོང་རྗེས་གཞི་ནས་ལམ་ཞོར་དུ་འཕྲད་པའི་དཔུང་སྡེའི་དཔོན་དམག་གིས་བསྐྱབས་བྱུང”ཞེས་སུའུ་ཅེ་ཡིས་བརྗོད།

    འཛམ་གླིང་ཡང་རྩེའི་ཆབ་སྲིད་ཀྱི་ལམ་ཐིག་དང་། རྒྱལ་སྲུང་གི་ལམ་ཐིག དཔལ་འབྱོར་གྱི་ལམ་ཐིག་བཅས་ཤར་གཏོང་ཐུབ་ཆེད། བཅའ་སྡོད་དཔུང་སྡེ་དང་ས་གནས་སྲིད་གཞུང་གིས་མི་རྒྱུ་དངོས་གསུམ་འབོར་ཆེན་བཏང་ནས་ལོ་བཅུ་ལྷག་ཙམ་རིང་སྒྱུར་བཀོད་ཉམས་གསོ་བྱས་མཐར། གཞི་ནས་ལམ་ཐིག་ཧྲིལ་པོ་སྣུམ་ནག་ལམ་དུ་གྱུར་ཡོད། དེ་དང་དུས་མཚུངས་ཆེད་མི་མངགས་ནས་ཤིན་བོད་གཞུང་ལམ་གྱི་ལམ་རྒྱུད་བརྟན་པོ་བསྲུངས་ཏེ་འདམ་རྡོའི་ཆུ་རུད་དང་། གངས་རྡིབ་དང་འཁྱགས་རྡིབ། རྦབ་རྡོ་རིལ་བ་དང་རི་ཉིལ་བ་སོགས་ཀྱི་རང་བྱུང་གནོད་འཚེ་དང་འཐབ་རྩོད་བྱས་ནས། མེས་རྒྱལ་མཐའ་མཚམས་ཀྱི་རྒྱལ་སྲུང་བདེ་འཇགས་དང་ཤིན་བོད་ས་ཆ་གཉིས་པོའི་དཔལ་འབྱོར་འཛུགས་སྐྲུན་ལ་འགན་ལེན་ནུས་ལྡན་བྱས་ཡོད།

    ངོ་མཚར་གྱི་གཞུང་ལམ། ཡིད་དབང་འཕྲོག་པའི་མཛེས་ལྗོངས།

    ཤིན་བོད་གཞུང་ལམ་དུ་སྐྱོད་སྐབས“ཧང་སངས་བྱུང”ཞེས་པའི་སྐད་ཆ་འདི་མི་རྣམས་ཀྱིས་རྟག་ཏུ་བརྗོད་ཀྱི་ཡོད།

    ཡེ་ཁྲེང་ནས་ཐོན་རྗེས་ཁུའུ་ཏི་ལ་སོགས་རི་བོ་ཆེན་པོ་གསུམ་རྒྱག་དགོས་ཤིང་། ལམ་བར་དུ་ཧྥི་ཧྲན་རྫོང་ཁྲའེ་ཐུའུ་ལཱ་གྲོང་རྡལ་བརྒྱུད་རྗེས། ཁ་ར་ཁུ་ནུ་རི་བོའི་འགྱིང་ངེར་གནས་པའི་གངས་རི་དང་འགྲོགས་དགོས་ཤིང་། དབྱར་དུས་སུའང་རླུང་བུ་འུར་འུར་དུ་ལྡང་ནས་གྲང་ངར་ཧ་ཅང་ཆེན་པོ་ཡོད། ཆི་ཐའེ་ལ་བརྒྱབ་རྗེས་ས་བབ་མཐོ་ཚད་སྨི་5000ཟིན་པ་དང་། བོད་བྱང་ཐང་གི་མི་མེད་ལུང་སྟོང་དུ་སླེབས་ནས། དེ་གར་མཐའ་ཡས་ཀྱི་ཐང་སྟོང་འདྲེན་བྱེད་ཡུལ་དུ་འཆར་སྐབས་མི་སེམས་ལ་ཁེར་རྐྱང་གི་སྣང་བ་དྲག་པོ་སྦྱིན་གྱི་ཡོད། ལམ་ཐག་སྤྱི་ལེ་200ལྷག་ཙམ་སོང་རྗེས། རུ་ཐོག་རྫོང་རྡོ་དམར་ཤང་དུ་འབྱོར་ནས་མིག་ལམ་དུ་སྔོ་ལྗང་གོས་ཀྱིས་བཀླུབས་པའི་རྩྭ་ཐང་འཆར་སྐབས། མི་རྣམས་ད་གཟོད་སེམས་པ་ལྷོད་ལ་འབབ་ཀྱི་ཡོད། དེ་ནས་མུ་མཐུད་དེ་སུམ་རྩེན་ས་ལ་འཕོས་པ་དང་གཉིས་སུ་མེད་པའི་མཚོ་མོ་ངང་ལྷའི་རླབས་རིས་དང་འགྲོགས་ནས་བསྐྱོད་ཚེ། མཐར་སེང་གེ་ཁ་འབབ་གྲོང་རྡལ་དུ་འབྱོར་གྱི་ཡོད།

    འདི་ནི་ཡུལ་ལྗོངས་ཤིན་ཏུ་མཛེས་ཤིང་དགའ་སྐྱོ་འདྲེས་མའི་ཚོར་འདུ་ཡང་ཡང་འཆར་བའི་གཞུང་ལམ་ཞིག་རེད། སེང་གེ་ཁ་འབབ་གྲོང་རྡལ་ནས་ཤིན་བོད་གཞུང་ལམ་བརྒྱུད་ལྷ་སའི་ཕྱོགས་སུ་བསྐྱོད་ཚེ། ལམ་བར་དུ་གངས་རིན་པོ་ཆེ་དང་། མ་ཕམ་གཡུ་མཚོ། རྩྭ་མདའི་ས་ཚལ་སོགས་འཛམ་གླིང་རིམ་པའི་ཡུལ་སྐོར་དམིགས་སར་སླེབས་ཀྱི་ཡོད།

    ཤིན་བོད་གཞུང་ལམ་ནི་གཞུང་ལམ་ཙམ་མ་ཟད། མཛེས་ལྗོངས་ཤིག་ཡིན་ལ་དེ་བས་ངོ་མཚར་ཞིག་ཀྱང་རེད།

    དཔའ་བོའི་གཞུང་ལམ། ནམ་ཡང་བརྗེད་མི་རུང་བའི་ལོ་རྒྱུས།

    ཁང་ཤིས་བ་ནི་ཤིན་བོད་གཞུང་ལམ་རྒྱུད་ཀྱི་ས་མིང་ཞིག་དང་ཏཱ་པན་ཞིག་རེད་ལ། སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་ཞིག་ཀྱང་རེད།

    ཁང་ཤིས་བ་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་ནི་1965ལོར་བསྐྲུན་ཅིང་། ཤིན་བོད་གཞུང་ལམ་དུ་སྤྱི་ལེ་2བསྐྱོད་ཚེ་ཁུ་ནུ་རི་བོ་དང་ཁ་ར་ཁུ་ནུ་རི་བོའི་སྦྲེལ་མཚམས་སུ་ཆགས་པའི་ཁང་ཤིས་བ་ཏཱ་པན་ཤར་ལྷོར་འབྱོར་གྱི་ཡོད་པ་དང་། དེ་གར་རྒྱལ་སྲུང་ཨར་པོ་དང་མཐའ་མཚམས་བརྟན་སྲུང་བྱེད་རིང་སྐུ་གཤེགས་པའི་འཐབ་འཛིང་བ་112དུར་འཇུག་བྱས་ཡོད། སྔོན་གཤེགས་དཔའ་བོའི་སྐྱེད་ཚལ་གྱི་དཀྱིལ་དབུས་སུ་དྲན་གསོའི་རྡོ་རིང་ནག་པོ་ཞིག་ཡོད་པ་དེའི་ངོས་སུ“མེས་རྒྱལ་མཐའ་མཚམས་སྲུང་སྐྱོང་གི་སྔོན་གཤེགས་དཔའ་བོ་ཇི་སྲིད་བར་དུ་མི་ནུབ་པར་གྱུར་ཅིག”ཅེས་བྲིས་ཡོད་པ་དང་། མཐའ་བཞི་གངས་རིས་བསྐོར་ཡོད་པས་བརྗིད་ཆགས་དང་ལྡན་པ་ཞིག་ཡོད།

    གསར་འགོད་པས་རྡོ་རིང་གི་ངོས་སུ་བྲིས་པའི་སྔོན་གཤེགས་དཔའ་བོའི་སྐྱེ་ཁུངས་དང་སྐྱེ་ལོར་ལྟ་སྐབས། ཁོ་ཚོ་མང་ཆེ་བ་ལོ་བཅུ་དགུ་ཉི་ཤུ་ཙམ་ལ་སླེབས་ཙམ་རེད་འདུག ཁ་ཤས་ཀྱིས་རྒྱལ་ཁབ་ཀྱི་ཆེད་དུ་རང་སྲོག་བློས་བཏང་ནས་དུས་རབས་ཕྱེད་ཀ་ཙམ་འདས་ཟིན། ཡུལ་དུས་ཀྱི་བཀག་རྒྱའི་དབང་གིས་འདི་གར་དུར་མཆོད་ལ་ཡོང་མཁན་ཁོ་ཚོའི་གཉེན་ཉེ་ཧ་ཅང་ཉུང་ཉུང་ཡིན་མོད། སྔོན་གཤེགས་དཔའ་བོའི་བང་སོའི་རྡོ་རིང་ཚང་མའི་མདུན་དུ་ཤིང་འབྲས་དང་མེ་ཏོག་སོགས་དུར་རྫས་ཕུལ་འདུག་པ་དེ་དག་ནི་བཅའ་སྡོད་དཔུང་སྡེའི་དཔོན་དམག་དང་ས་གནས་དེ་གའི་མང་ཚོགས་སམ་ཡང་ན་ཡུལ་སྐོར་བས་ཕུལ་བ་ཤ་སྟག་རེད་འདུག དེས་མ་ཚད་ལོ་ལྟར་དམག་མི་གསར་པ་ཚོས་ཁང་ཤིས་བ་སྔོན་གཤེགས་དཔའ་བོའི་སྐྱེད་ཚལ་དུ་འབྱོར་ཐོ་འགོད་པར་འགྲོ་དགོས་པ་དང་དམག་མི་རྒན་གྲས་ཚོ་ཡང་སྔོན་གཤེགས་དཔའ་བོར་ཞལ་གྱེས་ཞུ་བར་འགྲོ་དགོས་ཀྱི་ཡོད།

    ཁང་ཤིས་བ་སྔོན་གཤེགས་དཔའ་བོའི་སྐྱེད་ཚལ་གྱི་སྔོན་གཤེགས་དཔའ་བོ་ཚོ་ནི་སྔོན་སྐྱོད་ལེན་ཤོག་དང་འདྲ་བར་ཚང་མ་མེས་རྒྱལ་གཅིག་གྱུར་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་དང་མཐའ་སྲུང་སྲ་བརྟན་གྱི་ཆེད་དུ་རང་སྲོག་ཤོར་བ་ཤ་སྟག་རེད། མེས་རྒྱལ་ལ་དགོས་མཁོ་ཆེ་ཤོས་ཀྱི་སྐབས་སུ། ཁོ་ཚོས་གངས་ལྗོངས་ས་མཐོར་བསྐྱོད་ནས་དཔའ་ངར་ཆེན་པོས་མདུན་དུ་ཤོར་ཕོད་པ་དང་སྲོག་ཉེན་ལ་མ་བལྟོས་པར་རྩ་ཆེའི་ཚེ་སྲོག་སྐྱེས་སུ་ཕུལ་ནས་ནམ་ཡང་གངས་རིའི་འདབས་སུ་གནས་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།