ད་ལོ་ལོ་81ལ་སླེབས་པའི་ཐུབ་བསྟན་རྒྱལ་མཚན་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱི་རྒྱ་ཆེ་ལ་དཀར་ཆ་དོད་པའི་ཐོག་སོ་གཉིས་ལྡན་གྱི་ཁང་པ་ཞིག་ཏུ་སྡོད་ཀྱི་ཡོད། 2003ལོར་ཁོང་གིས་སྒོར་ཁྲི་50ལྷག་བཏང་ནས་ཁང་པ་དེ་ཉོས་པ་དང་སྐབས་དེ་དུས་ཁང་མིག་9ཡོད། རྒྱས་སྐྲུན་བྱས་རྗེས་ད་ཆ་ཁང་མིག་13དང་རླངས་འཁོར་འཇོག་ས་1ཡོད་པ་རེད། “གུང་ཁྲན་ཏང་གི་བཀའ་དྲིན་ལས་བྱུང་བའི་འཚོ་བ་སྐྱིད་པོ་ནི་མིག་མཐོང་ལག་ཟིན་རེད”
1940ལོར་ཐུབ་བསྟན་རྒྱལ་མཚན་ལྷོ་ཁ་གྲོང་ཁྱེར་དུ་སྐྱེས་པ་དང་ཕ་མ་གཉིས་ཀ་ཞིང་བྲན་རེད། ལོ་9ལ་སླེབས་སྐབས་ཨ་མ་གྲོངས་པ་དང་ལོ་12ལ་སླེབས་སྐབས་ཕ་ཡང་གྲོངས་ནས་ཁོང་དང་ཁོང་གི་གཅུང་པོ་དྭ་ཕྲུག་ཏུ་གྱུར་ཏེ་གང་སར་འཁྱམ་པོའི་འཚོ་བ་སྐྱེལ་དགོས་བྱུང་།
ཁོང་གིས“ང་གཉིས་གྲོད་པ་ཡང་མི་རྒྱགས་པས་མི་ཁྲལ་དེ་བས་འཇལ་ཐབས་བྲལ། དེས་ན་མངའ་བདག་གིས་ང་ནང་གཟན་བྱེད་དུ་བཅུག་བྱུང་། ངའི་ཨ་ཁུས་ང་ལ་ནང་གཟན་བྱས་ཚེ། མི་ཡུལ་གྱི་དམྱལ་བར་སླེབས་པ་བཞིན་སྡུག་བསྔལ་གྱི་རྒྱ་མཚོར་ལྷུངས་པས་ང་ལ་གང་མགྱོགས་བྲོས་ཐབས་གྱིས་ཞེས་བཤད་བྱུང”ཞེས་བཤད།
གང་དུ་བྲོས་དགོས་སམ། སྐབས་དེ་དུས་ལོ་13ལ་སླེབས་པའི་ཐུབ་བསྟན་རྒྱལ་མཚན་གྱིས་ལྷོ་ཁར་བསྡད་ཚེ་ཁོ་ཚོས་སྔ་ཕྱི་མ་གཏོགས་རང་ཉིད་རྙེད་ཀྱི་རེད་སྙམ་སྟེ་ལྷ་སར་བྲོས་པའི་གདམ་ག་བྱས། ལོ་དེའི་ཟླ་10པར་ཁོང་གིས་རྐང་རྗེན་མར་གྱོན་གོས་ཧྲལ་ཧྲུལ་གྱོན་ཏེ་ལམ་བར་དུ་ལྟོ་སློང་གིན་དུ་ཉིན་གསུམ་བསྐྱོད་རྗེས་གཞི་ནས་ལྷ་སར་སླེབས་པ་རེད།
ལྷ་སར་སླེབས་སྐབས་ཐུབ་བསྟན་རྒྱལ་མཚན་ལ་རྟེན་ས་གང་ཡང་མེད་པས་ཉིན་མོ་ལྟོ་བསློངས་ནས་སྡོད་པ་དང་མཚན་མོ་ཁྲོམ་གཞུང་དུ་ཉལ་གྱི་ཡོད། འཚོ་བ་དཀའ་ཁག་ཆེ་བས་མཐར་ཁྱིམ་ཚང་ཆེན་པོའི་གཡོག་པོ་བྱས། “སྐབས་དེ་དུས་ང་ལོ་13ལས་སླེབས་མེད་ཀྱང་མི་རྒན་པའི་ལས་ཀ་ཚང་མ་ངས་བྱེད་དགོས་ཀྱི་ཡོད། ཞོགས་པ་ཆུ་ཚོད་6པ་ཙམ་ནས་ཕྱིར་ཐོན་ན་ཡང་ལོག་དུས་ས་རུབ་ཀྱི་འདུག ཉིན་གང་སྐྱོ་མ་སླ་པོ་ལས་ལྡག་རྒྱུ་མེད། ཉལ་ཆས་མེད་པས་མི་ཚང་གི་ཐབ་ཀྱི་འགྲམ་དུ་ཉལ་གྱི་ཡོད”ཅེས་ཁོང་གིས་བཤད།
ཐེངས་ཤིག་སྦྱིན་བདག་གི་བུས་དབྱུག་པ་བཟུང་ནས་ཐུབ་བསྟན་རྒྱལ་མཚན་ཕྱི་ལ་ཕུད། ཐབས་ཤེས་མེད་པར་ཁོང་མཚན་མོའི་གྲང་ངར་བཟོད་དེ་ཕྱི་ལ་ཉལ། ལྟོ་གོས་མི་འཛོམ་པའི་ཁར་མི་ལུས་ལ་རང་དབང་ཡང་མེད། དེ་ལྟར་དཀའ་སྡུག་བརྗོད་ཀྱིས་མི་ལང་བའི་འཚོ་བ་ཐུབ་བསྟན་རྒྱལ་མཚན་གྱིས་ལོ་གཉིས་ཙམ་སྡུག་རུས་བྱས་ནས་བསྐྱལ། 1955ལོར་ཁོང་ལྷོ་ཁར་ཕྱིར་ལོག་པའི་ཐག་བཅད་པ་རེད། གང་ཡིན་ཟེར་ན་ལྷོ་ཁར་ད་དུང་གཅུང་པོ་དང་གཉེན་ཉེ་ཡོད་པས་རེད།
སྐབས་དེ་དུས་ཁོང་གི་ཨ་ཁུ་ལས་ཀར་ཞུགས་ཟིན་པས་ཁོང་ལ་ས་གནས་དེ་གའི་ཏང་གི་ལས་ཁུངས་ཀྱི་གསར་འགྱུར་བའི་ལས་ཀ་ཞིག་ངོ་སྤྲོད་བྱས། “གཡོག་པོ་བྱེད་སྐབས་ཕྱུ་པ་ཚང་མ་རལ་པ་ཡིན་ཀྱང་གསར་འགྱུར་བ་བྱས་རྗེས་རྩ་འཛུགས་ཀྱིས་མྱུར་དུ་ང་ལ་ཕྱུ་པ་གསར་པ་ཞིག་བཟོས་བྱུང་ལ་ལྷམ་གསར་པ་ཞིག་ཀྱང་ཉོས་བྱུང་བས་ང་ཧ་ཅང་དགའ་པོ་བྱུང་། རྒྱུ་མཚན་ནི་ཕ་མ་གཉིས་གྲོངས་རྗེས་ངས་ཕྱུ་པ་གསར་པ་གོན་མ་མྱོང”
ཡི་གེ་མ་ཤེས་སྟབས་གསར་འགྱུར་བ་ལོ་ཕྱེད་ཙམ་ལས་བྱེད་ཐུབ་མེད། དེ་རྗེས་ཐུབ་བསྟན་རྒྱལ་མཚན་ལྷ་སར་ཡོད་པའི་ལས་བྱེད་པའི་སློབ་གྲྭར་སློབ་སྦྱོང་བྱེད་པར་མངགས།
ལྷ་སར་ཐེངས་གཉིས་པ་སྐྱོད་སྐབས། ཁོང་གིས་ལྷམ་གསར་པ་དང་ཕྱུ་པ་གསར་པ་གྱོན་ཏེ་རྟ་བཞོན་ནས་ཕྱིན། ཉལ་ཁང་དང་སློབ་ཁང་ཚང་མ་གུར་ནང་དུ་ཡོད། སྐབས་དེ་དུས་ཆ་རྐྱེན་ཞན་ལ་སྔོ་ཚལ་སོས་པ་ཡང་མེད། འོན་ཀྱང་ལྷ་སར་ཐེངས་དང་པོ་ཡོང་བ་དང་བསྡུར་ན་གནམ་ས་འཛོལ་ཡོད། ཡུན་རིང་མ་སོང་བར་ཁོང་ཧྲའན་ཤིས་ཞན་དབྱང་གི་བོད་ལྗོངས་སྤྱི་སློབ་ཏུ་སློབ་སྦྱོང་བྱེད་པར་མངགས། 1959ལོར་སླེབས་སྐབས་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱེད་པར་ལས་བྱེད་པ་དང་སྐད་སྒྱུར་བ་དགོས་པས་ཐུབ་བསྟན་རྒྱལ་མཚན་བོད་དུ་ལོག་ནས་དམངས་གཙོའི་བཅོས་སྒྱུར་གྱི་ལས་དོན་ལ་ཞུགས།
དམངས་གཙོའི་བཅོས་སྒྱུར་བྱས་རྗེས། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་བཏང་ནས་མི་ལུས་ལ་རང་དབང་ཐོབ་ཡོད། བོད་ཀྱི་སྤྱི་ཚོགས་དང་ཐོན་སྐྱེད་ནུས་ཤུགས་ཀྱི་ཆུ་ཚད་རིམ་བཞིན་མཐོ་རུ་ཕྱིན་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཉིན་བཞིན་ཕུན་སུམ་ཇེ་ཚོགས་སུ་སོང་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སྤྱོད་ཐུབ་ཡོད།
“བོད་ཞི་བས་བཅིངས་འགྲོལ་མ་བཏང་ན། དམངས་གཙོའི་བཅོས་སྒྱུར་ཡོང་མི་སྲིད་ལ། ང་ཚོའི་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་དེ་བས་ཡོང་མི་སྲིད”ཅེས་བགྲེས་སོང་ཁོང་གིས་མྱོང་ཚོར་ཟབ་མོའི་སྒོ་ནས་བཤད།
1980ལོར་ཐུབ་བསྟན་རྒྱལ་མཚན་གཟི་བརྗིད་ལྡན་པའི་ངང་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས་པ་དང་ད་ལྟ་ཡང་ཁོང་གིས་སྐབས་དེ་དུས་ཏང་ལ་ཞུགས་པའི་དམ་བཅའ་བློ་ལ་བརྟན་པོར་ངེས་ཡོད། ཏང་གི་བཀའ་དྲིན་ལ་དྲིན་ལན་འཇལ་ཆེད། ལོ་རེའི་རྒྱལ་སྟོན་དུས་ཆེན་དང་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར་ཁོང་གིས་རྒྱལ་དར་གསར་པ་ཞིག་ཉོས་ནས་རང་ཁྱིམ་གྱི་ཐོག་ཁར་འཛུགས་ཀྱི་ཡོད་པ་རེད།