དབུ་ཤོག>ཆེད་སྒྲིག
  • མི་རབས་གསུམ་གྱི“དམག་སྒར”གྱི་འཕོ་འགྱུར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-01

    སྔོན་སྐྱོད་ལེན་ཤོག་གི་རྗེས་ཤུལ་འཚོལ་བ།

    ས་བབ་མཐོ་ཚད་སྨི་6380ཟིན་པའི་མཚམས་རི་ནི་སྔོན་སྐྱོད་ལེན་ཤོག་གི་མདུན་ཕྱོགས་སུ་འཕྲེད་དུ་གནས་ཤིང་། ཁ་བའི་གོས་བཟང་གིས་བཀླུབས་ནས་རི་བོའི་ཆ་ཤས་ཙམ་ལས་མཐོང་མི་ཐུབ་རུང་། ཧ་ཅང་རྔམ་བརྗིད་ལྡན་པ་ཞིག་ཡོད། རི་བོ་དེ་ནི་ཤིན་ཅང་དང་བོད་ཀྱི་དབྱེ་མཚམས་ཤིག་ཡིན་ལ་ཆོས་ལུགས་རིགས་གཉིས་དང་རིག་གནས་རིགས་གཉིས་ཀྱི་དབྱེ་མཚམས་ཤིག་ཀྱང་རེད།

    --《བོད་སྐྱོད་དཔའ་བོའི་སྔོན་སྐྱོད་ལེན་ཤོག》ནས་བཏུས།

    1005999_yis_1630425600000_s.jpg

     འདི་ནི་ཆུ་མིག་མཚོའི་རིམ་པ་དང་པོའི་སྤྱི་བདེ་ཞིབ་བཤེར་ས་ཚིགས་ཀྱི་རབས་གཉིས་པའི་དམག་སྒར་ཡིན་པ།

    རྒྱབ་ཏུ་ཁུ་ནུ་རི་བོ་དང་མདུན་དུ་ཆུ་མིག་མཚོར་ཡོད་པའི་གནས་དེ་ནི་ཤིན་བོད་འབྲེལ་མཚམས་སུ་གནས་པའི་བོད་ལྗོངས་རུ་ཐོག་རྫོང་ཆུ་མིག་མཚོའི་རིམ་པ་དང་པོའི་སྤྱི་བདེ་ཞིབ་བཤེར་ས་ཚིགས་རེད། ང་ཚོ“སྔོན་སྐྱོད་ལེན་ཤོག་གི་རྗེས་ཤུལ་སྙེག་པའི”བཅར་འདྲི་འཕྲིན་སྤེལ་ཚོགས་ཆུང་དེ་གར་འབྱོར་ཏེ་རླངས་འཁོར་ནས་བབས་མ་ཐག་བྱེ་རླུང་ཆེན་པོ་ཞིག་ལྡང་། ས་བབ་མཐོ་ཚད་སྨི་5000ལྷག་ཙམ་ཟིན་པའི་ལ་ཁ་འདིར་ང་ཚོར་སྙིང་མི་བདེ་བ་དང་། མགོ་ན་བ། དབུགས་བཏང་དཀའ་བ་བཅས་ཀྱི་ཚོར་སྣང་ཞིག་བྱུང་།

    ཁོར་ཡུག་ཞན་པོ་འདི་ལྟ་བུའི་འོག་ཆུ་མིག་མཚོ་ཞིབ་བཤེར་ས་ཚིགས་ཀྱི་ལས་སྒྲུབ་མི་སྣས་ལས་རེས་དང་ཞིབ་བཤེར་ཐོ་འགོད་བྱེད་ཅིང་། ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་རླངས་འཁོར་དལ་བུར་སྐྱོད་བཞིན་སྒྲིག་ལམ་ཧ་ཅང་ཡག་པོ་ཡོད།

    ཞིབ་བཤེར་ས་ཚིགས་ཀྱི་འཚོ་བའི་ཁུལ་དུ་སྐྱོད་སྐབས། གེགས་སྐྱོབ་ཅེས་འཁོད་པའི་གུར་སྔོན་པོ་དག་མིག་ལམ་དུ་མངོན།

    གསར་འགོད་པས“འདི་གར་ཉལ་ཁང་ཡོད་ཀྱང་ཁྱོད་ཚོ་གུར་ནང་དུ་སྡོད་དགོས་དོན་གང་ཡིན”ཞེས་འདྲི་སྐབས། མི་དམངས་ཉེན་རྟོག་པ་ལིའུ་ཁའེ་ཡིས་ཅུང་ཟད་ངོ་ཚ་དང་བཅས་གད་མོ་འཚེར་འཚེར་ངང“ཆུ་མིག་མཚོ་གནས་ཡུལ་དུ་ས་གཤིས་ཀྱི་ཤུགས་རྐྱེན་ཕོག་སྟེ་གྱང་ལ་ཚད་གཞི་མི་འདྲ་བའི་གས་སྲུབས་ཐོན་ནས་ཉེན་ཁང་དུ་གྱུར་ཡོད། ཡིན་ནའང་སྔོན་ཆད་ལས་ཡག་ཏུ་སོང་ཡོད”ཅེས་བཤད།

    འོ་ན་སྔོན་ཆད་གང་འདྲ་ཞིག་ཡོད་དམ་ཞེ་ན། “གུར་གསུམ”གྱི་གཏམ་རྒྱུད་ནས་བརྗོད་དགོས།

    2013ལོའི་གོང་ཤིན་ཅང་ནས་བོད་དུ་བསྐྱོད་པའི་འགག་སྒོ་དང་པོ་ནི་ཆུ་མིག་མཚོ་ཞིབ་བཤེར་ས་ཚིགས་མ་ཡིན་པར་ཆུ་མིག་མཚོའི་ལྷོ་ངོས་ཀྱི་སྤྱི་ལེ་170ལྷག་ཙམ་གྱི་སར་གནས་པའི་རྡོ་དམར་རིམ་པ་དང་པོའི་སྤྱི་བདེ་ཞིབ་བཤེར་ས་ཚིགས་ཡིན་མོད། འོན་ཀྱང་རྡོ་དམར་ཞིབ་བཤེར་ས་ཚིགས་ནི་ཤིན་ཅང་ནས་སྤྱི་ལེ་200ལྷག་ཙམ་གྱི“བར་སྟོང་ཁུལ”དུ་གནས་ཡོད་པས་ལས་སྒྲུབ་མི་དམངས་ཉེན་རྟོག་པ་ཚོར་གནོན་ཤུགས་ཆེན་པོ་སྤྲོད་ཀྱི་ཡོད།

    2013ལོའི་ལོ་འགོར། རྡོ་དམར་ཞིབ་བཤེར་ས་ཚིགས་ཀྱི་འཐབ་ས་མདུན་མའི་ལས་སྒྲུབ་ས་ཚིགས་ཤིག་གི་ངོས་ནས་ཆུ་མིག་མཚོའི་ངོགས་སུ་གུར་གསུམ་རྒྱག་འགོ་ཚུགས་པ་དང་འབྲེལ་ལས་སྒྲུབ་མི་སྣ་ཁ་ཤས་བཀོད་སྒྲིག་ཀྱང་བྱས།

    གུར་རྒྱག་པའི་སྐབས་སུ་གཞི་ནས་ཆུ་མིག་མཚོ་ཞིབ་བཤེར་ས་ཚིགས་ལ་ས་ཚིགས་སྐྲུན་ཆེད་ཀྱི་མ་དངུལ་ཁག་གཅིག་རག་ནས། མི་དམངས་ཉེན་རྟོག་པར་ལས་འགན་སྒྲུབ་ཞོར་དུ་ཁང་པ་རྒྱག་པའི་ལས་ཀ་གཅིག་མང་དུ་སོང་ཡོད། ལོ་གཅིག་ལྷག་ཙམ་རིང་སེམས་ནུས་གཅིག་སྒྲིལ་གྱིས་འབད་བརྩོན་བྱས་པ་བརྒྱུད། 2014ལོའི་ལོ་མཇུག་ཏུ་མི་དམངས་ཉེན་རྟོག་པ་ཚོ་གཞི་ནས་རྒྱ་ཁྱོན་སྨི་ངོས་གྲུ་ཆིག་སྟོང་ལྷག་ཙམ་ཟིན་པའི་ཞིབ་བཤེར་ས་ཚིགས་དེར་སྤོས་པ་རེད།

    གུར་དང་ཁ་བྲལ་ནས་དྲོད་ཁང་དུ་སྤོས་པ་མ་ཟད། འཚོ་བའི་ཆ་རྐྱེན་ཡང་ལེགས་སུ་ཕྱིན་པ་དང་། གསོ་རླུང་མཁོ་འདོན་ཐུབ་ལ་འཕྲིན་གཏོང་ཤར་གཏོང་ཐུབ་པ་མ་ཟད། ཚང་མར་དུས་ཐོག་ཏུ་ལྟོ་ཆས་ཚ་པོ་ཡང་ཟ་རྒྱུ་ཡོད། ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་ང་ཚོར་ཉེ་བའི་ལོ་ཤས་རིང་གོང་རིམ་སྡེ་ཚན་གྱི་ཐུགས་ཁུར་དང་གཟིགས་སྐྱོང་འོག ཞིབ་བཤེར་ས་ཚིགས་ཀྱིས“ཞོག་ཁོག་པད་ཚལ”དང་སྟབས་བདེའི་ཐུག་པར་བརྟེན་པའི་འཚོ་བ་དང་རྦད་དེ་ཁ་བྲལ་ཏེ། ཆེད་ལས་མ་བྱན་ཡོད་ལ་གཟའ་འཁོར་རེར་རྫོང་དུ་སྔོ་ཚལ་དང་། ཤིང་འབྲས། ཤ་རིགས་བཅས་སོས་པ་ཉོ་བར་འགྲོ་གི་ཡོད་པས་འཚོ་བའི་ཆ་རྐྱེན་ཇེ་ཡག་ཏུ་འགྲོ་བཞིན་ཡོད་ཅེས་བཤད།

    ཀྲེན་ཀྲང་གཞོན་པ་དབྱང་ཧྥེ་ཞང་གིས“བཟའ་བཏུང་དང་འགྲོ་སྡོད་ཀྱི་ཆ་རྐྱེན་ཡག་ཏུ་ཕྱིན་པས། ཚང་མ་གནས་འདིར་སྡོད་འདོད་ཆེ་རུ་ཕྱིན་སོང། ད་ཆ་ན་གཞོན་མི་དམངས་ཉེན་རྟོག་པ་ཚང་མས་ས་ཚིགས་སུ་ལོ་གསུམ་སྡོད་པའི་དུས་བཀག་གི་གཏན་འབེབས་ལ་མི་བལྟོས་པར་ས་ཚིགས་སུ་སྡོད་པའི་དུས་བཅད་ཐིམ་རྗེས་ད་དུང་རང་འགུལ་ངང་མུ་མཐུད་སྡོད་པའི་རེ་འདུན་ཞུ་ཡི་ཡོད”ཅེས་བཤད།

    འོན་ཀྱང་ས་བབ་མཐོ་ཞིང་ལོ་མང་རིང་འཁྱགས་པ་ཐེབས་པའི་ཤུགས་རྐྱེན་འོག ཆུ་མིག་མཚོ་རྒྱུད་ཀྱི་ས་གཤིས་ཅུང་ཉམས་ཞན་ཡིན་པའི་དབང་གིས་ཞིབ་བཤེར་ས་ཚིགས་ཀྱི་ཁང་པའི་གྱང་ལ་གས་སྲུབས་རྒྱུན་ཆད་མེད་པར་ཐོན་ནས་མི་སྡོད་ཐབས་བྲལ་བར་གྱུར་ཡོད། 2018ལོ་ནས་བཟུང་ས་ཚིགས་སུ་བཅའ་སྡོད་མི་དམངས་ཉེན་རྟོག་པས་ཉི་འོད་དྲོད་ཁང་དུ་གུར་ཁ་ཤས་བརྒྱབ་ནས་ལོ་3ལྷག་ཙམ་བསྡད་ཡོད།

    དེར་བརྟེན། ཡང་བསྐྱར་ས་ཚིགས་གསར་པ་ཞིག་རྒྱག་པ་ནི་དགོས་གལ་ཤིན་ཏུ་ཆེ་བ་ཞིག་རེད། ཕྱོགས་མང་པོའི་ཐད་བརྟག་ཞིབ་དང་གྲོས་བསྡུར་བྱས་པ་བརྒྱུད་2018ལོའི་ཟླ་བརྒྱད་པར་རྒྱ་ཁྱོན་སྨི་ངོས་གྲུ་10000ཟིན་པའི་དྲོད་རླངས་དང་། གསོ་རླུང་། སྤྲོ་གསེང་རོལ་རྩེད་བཅས་གཞི་གཅིག་ཏུ་སྡུད་པའི་ས་ཚིགས་གསར་པ་ཞིག་བསྐྲུན་ཟིན་པ་ལས། ཆུ་མིག་མཚོའི་ཞིབ་བཤེར་ས་ཚིགས་ཀྱི་རབས་གསུམ་པའི“དམག་སྒར”བསྐྲུན་པ་མཚོན་ཡོད། མིག་སྔར་རྨང་གཞིའི་སྒྲིག་བཀོད་ཚང་མ་དམིགས་སར་འབྱོར་ནས་སྒྲིག་སྦྱོར་དང་ཚོད་ལྟ་བྱེད་པའི་དུས་མཚམས་སུ་སླེབས་ཡོད།

    མ་གཞི་ས་ཚིགས་སུ་སྔོན་ཐོན་གྱི་སྒྲིག་ཆས་བསྒར་ཡོད་ལ་འཚོ་བའི་ཆ་རྐྱེན་ཡང་ལེགས་སུ་ཕྱིན་ཡོད་མོད། འོན་ཀྱང་དེ་གའི་ས་བབ་མཐོ་ཚད་སྨི་5000ལྷག་ཙམ་ཟིན་ལ་ལས་འགན་ཡང་སྔར་བཞིན་དཀའ་ཚེགས་ཆེ་བས་གཏན་འཁེལ་མེད་པའི་རང་བྱུང་ཁོར་ཡུག་ནི་སྔར་བཞིན་ས་ཚིགས་སུ་བཅའ་སྡོད་མི་དམངས་ཉེན་རྟོག་པར་འཕྲད་པའི་ཚོད་བགམ་ཞིག་རེད།

    འོན་ཀྱང་གཏན་འཁེལ་ཐུབ་པ་ཞིག་ནི་སྨི་ངོས་གྲུ་བཅུ་ལྷག་ཙམ་ཟིན་པའི་གུར་གྱི་ལས་སྒྲུབ་ས་ཚིགས་ནས་སྨི་ངོས་གྲུ་སྟོང་ལྷག་ཙམ་གྱི་ཁང་པའི་ཞིབ་བཤེར་ས་ཚིགས་དང་། སྨི་ངོས་གྲུ་ཁྲི་གཅིག་ལྷག་ཙམ་གྱི་ཕྱོགས་བསྡུས་ས་ཚིགས་བར། ཆུ་མིག་མཚོ་ཞིབ་བཤེར་ས་ཚིགས་ལ་དུས་ཐུང་ལོ་8ནང་འཕོ་འགྱུར་ཆེན་པོ་གསུམ་བྱུང་ཞིང་། འགྱུར་ལྡོག་ཕྱིན་པ་ནི་ཞིབ་བཤེར་ས་ཚིགས་ཀྱི་གཞི་ཁྱོན་དང་སྒྲིག་ཆས་ཡིན་པ་དང་། འགྱུར་ལྡོག་མེད་པ་ནི་ཞིབ་བཤེར་ས་ཚིགས་ཀྱི་ལས་བྱེད་པ་དང་ཉེན་རྟོག་པས་ཡུན་རིང་བརྟན་སྲུང་བྱེད་རིང་གྲུབ་པའི“ལོ་ན་རྒས་རུང་རྗེས་ལུས་མི་ཐེབས་པ་དང་། པགས་འབུད་ཤ་ཤོར་བྱས་རུང་སྒྲིག་ཁྲིམས་སྲུང་བ། གཉིད་མི་ཁུག་པ་དང་དྲན་ཤེས་ཉམས་རུང་ལས་འགན་མི་ཤོར་བ། མི་དང་ལས་གནས་བརྗེས་རུང་མེ་མདའ་རང་སོར་འཇོག་པ”བཅས་ཀྱི་སྤྱོད་ཚུལ་བཟང་པོ་དེ་རེད། སྤྱོད་ཚུལ་བཟང་པོ་དེ་མཐའ་འཁྱོངས་ཀྱིས་ཆུ་མིག་མཚོ་ཞིབ་བཤེར་ས་ཚིགས་ཀྱི་སྤྱི་བདེ་ལས་བྱེད་ཉེན་རྟོག་པས་ཡུན་རིང་ལས་གནས་བརྟན་པོར་བསྲུངས་ཏེ། མངའ་རིས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཕར་རྩ་ཆེན་པོ་སྲུང་བཞིན་ཡོད་ལ། འགྲོ་འོང་བྱེད་མཁན་འཁོར་རིགས་ལ་བདེ་འཇགས་སྲུང་ཡོལ་བརྟན་པོ་ཞིག་སྐྲུན་བཞིན་ཡོད།

    1007027_yis_1630425600000_s.jpg

    (རྩ་གཉིས་ཨང་རྟགས་བཤེར་འབེབས་བྱས་ན་ནང་དོན་དེ་བས་མང་བར་བལྟ་ཐུབ)

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།