“མེ་ཏོག་གི་ལམ་བུ་བཟོས་ཟིན་རྗེས་ངས་ཁྱིམ་ཚང་མགྲོན་ཁང་གཉེར་བས་ད་ཆ་ཡུལ་སྐོར་བ་ཇེ་མང་དུ་འགྲོ་ཡི་འདུག” བོད་རང་སྐྱོང་ལྗོངས་མེ་ཏོག་རྫོང་སྟག་མོ་ལྷོ་པ་མི་རིགས་ཤང་སྟག་མོ་གྲོང་ཚོར་ས་སྐྱེས་རྡོ་སྐྱེས་ཀྱི་བཀྲ་ཤིས་ནི་གྲོང་མིའི་མིག་ནང་གི་ཕྱུག་འགྱུར་འཇོན་ཐང་ཅན་ཞིག་ཡིན་ཞིང་། ཚང་མས་ཁོང་ལྟོ་གོས་གྲུང་ལ་བློ་སྟོབས་དང་ཤེས་རྒྱ་འདུག་ཅེས་བརྗོད་ནའང་། བཀྲ་ཤིས་ཀྱིས“དེ་དག་ཚང་མ་ངའི་རྒྱ་རིགས་མག་པ་ཆའོ་ལེ་ཡིས་ཐབས་ཤེས་བཏོན་པ་རེད”ཅེས་ཤོད་ཀྱི་ཡོད།
2013ལོར། ཁྲབ་རྨོག་ནས་མེ་ཏོག་བར་གྱི་གཞུང་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དང་། མིག་རྒྱང་རིང་བའི་བཀྲ་ཤིས་ཀྱིས་2012ལོ་ནས་ཞིང་ཁྱིམ་སྤྲོ་སྐྱིད་ཁང་གཉེར་ཡོད། ཁོང་གིས“སྐབས་དེ་དུས་ཟ་ཁང་ཞིག་གཉེར་བ་ཡིན། ལོ་འགའ་ཤས་གཉེར་ཡང་ཡོང་འབབ་མང་པོ་མ་བྱུང”ཞེས་བརྗོད།
2020ལོར། མངའ་རིས་སུ་ཡོད་པའི་བུ་མོ་བདེ་སྐྱིད་སྒྲོལ་དཀར་གྱིས་མག་པ་ཆའོ་ལེ་ཁྲིད་ནས་ཁྱིམ་དུ་གཉེན་འཕྲད་དུ་ཡོང་། བཀྲ་ཤིས་ཀྱི་སེམས་ཁྲལ་ཤེས་རྗེས་ཆའོ་ལེ་ཡིས་སྒྱུག་པོར“ཡུལ་སྐོར་བ་ས་ཐག་རིང་པོ་ནས་མེ་ཏོག་ལ་ཡོང་བ་ནི་ཡུལ་ལྗོངས་ལ་ལྟ་བ་ཙམ་མ་ཡིན་པར་འདི་གའི་ཡུལ་གོམས་གཤིས་ལུགས་དང་རིག་གནས་ཤེས་འདོད་ཡོད་པས་ལྷོ་པ་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཉམས་འགྱུར་མངོན་པར་བྱེད་དགོས”ཞེས་བརྗོད།
བཀྲ་ཤིས་གློ་བུར་དུ་གོ་རྟོགས་སད་དེ་སྒོ་རའི་ནང་ལྷོ་པ་རིགས་ཀྱི་ཉམས་འགྱུར་ལྡན་པའི་ཐོག་སོ་ཉིས་ལྡན་གྱི་ཁང་པ་ཞིག་བརྒྱབ་ནས་ལྷོ་པའི་དམངས་སྲོལ“བཤམས་སྟོན་ཁང”བྱས། དེའི་ནང་སྦ་སྨྱུག་སླ་རྩལ་འགྲེམས་སྟོན་དང་། དམིགས་བསལ་ཁྱད་ཆོས་ལྡན་པའི་ལྷོ་པའི་ཟས་རིགས་མཁོ་འདོན། ལྷོ་པའི་ཞབས་བྲོ་འཁྲབ་སྟོན་སོགས་བྱས་པས་ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་ཡུལ་སྐོར་བས་བཀྲ་ཤིས་ཀྱི་ཁྱིམ་ནས་ལྷོ་པའི་རིག་གནས་ཟབ་མོ་ཚོར་གྱི་ཡོད།
“སྒོར་ཁྲི་20ལྷག་ཙམ་གྱི་བྱེས་བགྲོད་རླངས་འཁོར་ཞིག་ཉོས་པ་མ་ཟད། ཁང་པ་གསར་པའང་བརྒྱབ་པ་ཡིན། ད་ཆ་འཚོ་བ་ཧ་ཅང་སྐྱིད་པོ་འདུག ང་ཚོ་མི་རབས་འདི་མི་རབས་སྔོན་མ་ལས་འཚོ་བ་ལྡབ་ཀྱིས་ཡག་པ་སྐྱེལ་རྒྱུ་བྱུང་ཡོད”ཅེས་བཀྲ་ཤིས་ཀྱིས་དགའ་ཚོར་ངང་བརྗོད།
བཀྲ་ཤིས་ཀྱི་ཤུགས་རྐྱེན་ཐེབས་ནས་གྲོང་མིའི་ཕྱུག་འགྱུར་སྤྲོ་སེམས་ཇེ་ཆེར་སོང་ཞིང་། གྲོང་མི་ཁག་གཅིག་བཀྲ་ཤིས་ཀྱི་ཞིང་ཁྱིམ་སྤྲོ་སྐྱིད་ཁང་དུ་ལས་མི་བྱེད་པར་ཡོང་བ་དང་གྲོང་མི་ཁག་གཅིག་གིས་ཞིང་ཁྱིམ་སྤྲོ་སྐྱིད་ཁང་གཉེར་ཡོད། མིག་སྔར། སྟག་མོ་ཤང་དུ་ཁྱིམ་ཚང་མགྲོན་ཁང་18ཡོད་པ་དེ་དག་ལ་འདི་ལོའི་ལོ་སྟོད་དུ་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་51བྱུང་ཡོད།
སྟག་མོ་གྲོང་ཚོ་ནི་རི་མཐོ་ལ་གྲོག་རོང་ཟབ་ཅིང་། ཆར་ཆུ་འབེལ་ལ་ནགས་ཤིང་སྟུག་པས་ནགས་ཁྲོད་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། ཁ་གཏད་ཞིང་ཆེན་དང་གྲོང་ཁྱེར་གྱི་རོགས་རམ་འོག སྟག་མོ་གྲོང་ཚོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་རྨང་གཞིའི་ཐོག་ནགས་ཁྲོད་ཐོན་ཁུངས་སྔོག་འདོན་བྱས་ནས་ནགས་ཁྲོད་ཀྱི་ཀྲུང་ལུགས་སྨན་རྩྭ་དང་ཟ་སྤྱོད་ཤ་མོ་འདེབས་འཛུགས་སོགས་ནགས་ཁྲོད་ཐོན་ལས་གོང་འཕེལ་བཏང་སྟེ“རྟེན་གཞི+མཉམ་ལས་ཁང་+ཞིང་དུད”དང“རི་ནགས་ཟུང་འབྲེལ་+རི་སྐྱེས་འདྲ་བཟོ་འདེབས་འཛུགས”ཀྱི་ཞིང་ལས་ཐོན་ལས་ཅན་གྱི་ལམ་བུ་ཞིག་ཏུ་བསྐྱོད་ཡོད།
འདི་ལོའི་ཟླ་5པར། མེ་ཏོག་ཏུ་ཤར་གཏོང་ཐུབ་པའི་འགྲུལ་ལམ་གནད་ཆེ་ས་གཉིས་པ་སྟེ། ཕད་གྲོང་རྡལ་ནས་མེ་ཏོག་བར་གྱི་གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་ནས་ཉིང་ཁྲི་གྲོང་ཁུལ་ནས་མེ་ཏོག་རྫོང་བར་གྱི་གཞུང་ལམ་གྱི་ལམ་ཐག་དེ་སྔའི་སྤྱི་ལེ་346ནས་སྤྱི་ལེ་180བར་ཐུང་དུ་སོང་ཡོད། མེ་ཏོག་དེ་ཉིད་བོད་ཀྱི་ཡུལ་སྐོར་བྱ་ཡུལ་གསར་པ་ཞིག་ཏུ་རིམ་བཞིན་འགྱུར་བཞིན་ཡོད། འདི་ལོའི་ལོ་སྟོད་དུ། མེ་ཏོག་གིས་ཡུལ་སྐོར་བ་མི་ཐེངས་ཁྲི་12.9ལྷག་ཙམ་ལ་སྣེ་ལེན་ཞུས་པ་དེ་ན་ནིང་གི་དུས་མཚུངས་ལས་ལྡབ་3ལྷག་ཙམ་འཕར་ཡོད།