དབུ་ཤོག>ཆེད་སྒྲིག
  • རྒྱང་རིང་གི་ཕ་ཡུལ་དུ་ལོག་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-08-30

    997093_yis_1630252800000_s.jpg

    འདི་ནི་ཡེ་ཁྲེང་དོན་གཅོད་ཁྲུའུ་ཡི་དངོས་ཟོག་བརྒྱུད་འདྲེན་ས་ཚིགས་ཡིན་ཞིང་། ད་ཆ་གཙོ་བོ་ལོ་ལྟར་མངའ་རིས་སུ་དབོར་བའི་རྡོ་སོལ་ཏུན་ཁྲི་10ལྷག་ཙམ་ཉར་གསོག་དང་བརྒྱུད་འདྲེན་ཐད་སྤྱོད་ཀྱི་ཡོད།

    ཟླ་6ཚེས་9ཉིན། ང་ཚོ“སྔོན་སྐྱོད་ལེན་ཤོག་གི་རྗེས་ཤུལ་འཚོལ་བའི”བཅར་འདྲི་འཕྲིན་སྤེལ་ཚོགས་ཆུང་ཞོགས་པའི་ཆུ་ཚོད་6པར་སེང་གེ་ཁ་འབབ་གྲོང་རྡལ་ནས་རྡོག་ཐོན་བྱས་རྗེས། ཤིན་བོད་གཞུང་ལམ་བརྒྱུད་ཆུ་ཚོད་20ལྷག་ཙམ་རླངས་འཁོར་བཏང་ནས་སྤྱི་ལེ་1000ལྷག་ཙམ་བསྐྱོད་མཐར་ཉིན་གཉིས་པའི་ཐོ་རེངས་ཆུ་ཚོད་གསུམ་པར་གཞི་ནས་ཤིན་ཅང་ཁཱ་ཧྲེ་ས་ཁུལ་ཡེ་ཁྲེང་རྫོང་དུ་འབྱོར་བྱུང་།

    དེ་དུས་ཡེ་ཁྲེང་རྫོང་དུ་མཚན་དགུང་ཡིན་པས་མི་ཚང་མ་རྨི་ལམ་གྱི་ཞིང་དུ་ཞུགས་ཟིན་མོད། འོན་ཀྱང་ཡེ་ཁྲེང་དུ་བཅའ་སྡོད་མངའ་རིས་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་དོན་གཅོད་ཁྲུའུ་ཡི་ཏང་ཀྲི་པུའི་ཧྲུའུ་ཅི་ལེའོ་ཧྥུའུ་ཧའེ་དང་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་སྒྲིག་བཤེར་ཨུ་ཡོན་ལི་ཤིན་ཅེ་ཡིས་ང་ཚོ་སྒུག་ནས་བསྡད་འདུག

    “དོན་གཅོད་ཁྲུའུ་རུ་སླེབས་ན་ཁྱིམ་དུ་འབྱོར་བ་དང་གཉིས་སུ་མེད”ང་ཚོ་ཐུག་ཐེངས་དང་པོ་ཡིན་ནའང་ལི་ཤིན་ཅེ་ཡུན་རིང་གཤིབ་མྱོང་བ་ལྟར་འདུག

    “སྒྱུར་བཅོས་སྒོ་དབྱེ་མ་བྱས་གོང་། མངའ་རིས་ས་ཁུལ་གྱི་90%ཡན་གྱི་དངོས་ཟོག་དང་བཟའ་བཅའ་ཤིན་ཅང་ནས་དབོར་གྱི་ཡོད། སྲིད་འཛིན་ཀུང་ཧྲུའུ་ཡིས་ཡེ་ཁྲེང་དུ་དངོས་ཟོག་ཀུང་སི་དང་། འཛུགས་སྐྲུན་རྒྱུ་ཆ་ཀུང་སི། བཟོ་ལས་དངོས་ཟོག་སྡེབ་ཚོང་ཀུང་སི། འབྲུ་རིགས་ཀུང་སི་བཅས་ཀུང་སི་ཆེན་པོ་བཞི་བཙུགས་ནས་ཉོ་སྒྲུབ་དང་དབོར་འདྲེན་གྱི་ལས་འགན་འཁུར་གྱི་ཡོད། འོན་ཀྱང་ཀུང་སི་ཆེན་པོ་བཞི་ཚང་མ་ང་ཚོའི་དོན་གཅོད་ཁྲུའུ་ཡིས་དོ་དམ་བྱེད་ཀྱི་ཡོད”སྐབས་དེ་དུས་ཀྱི་འོད་སྟོང་འཕྲོ་བའི་ལོ་ཟླར་ཕྱིར་དྲན་བྱེད་སྐབས་ལས་ཀ་བྱས་ནས་ལོ་36སོང་བའི་ལེའོ་ཧྥུའུ་ཧའེ་ཡིས་སྤོབས་སེམས་ཆེན་པོས“དེ་དུས་དོན་གཅོད་ཁྲུའུ་ཡི་ལས་བྱེད་པ་དང་ལས་བཟོ་བསྡོམས་མི་100ལྷག་ཙམ་ཡོད། མངའ་ཁོངས་ཀྱི་སྣེ་ལེན་ཁང་ནི་རྫོང་དེའི་ཆ་རྐྱེན་ཡག་ཤོས་ཀྱི་སྣེ་ལེན་ཁང་ཞིག་ཡིན་པས། དབྱར་ཁ་སྣེ་ལེན་ཁང་དུ་འགྲུལ་པས་ཁེངས་ཀྱི་ཡོད”ཅེས་བརྗོད།

    1987ལོར་སླེབས་དུས་འཆར་གཞིའི་དཔལ་འབྱོར་ཁྲོམ་རའི་དཔལ་འབྱོར་ལ་བསྒྱུར་བས། ཀུང་སི་ཆེན་པོ་བཞི་ཡིས་སྐྱེལ་འདྲེན་གྱི་ལས་འགན་འཁུར་བ་དང་དོན་གཅོད་ཁྲུའུ་ཡིས་རྡོ་སོལ་དབོར་འདྲེན་དང་མཐུན་སྦྱོར་ཞབས་ཞུའི་ལས་དོན་གྱི་སྒྲུབ་འགན་འཁུར་བས། ལས་འགན་ཡང་དུ་སོང་བ་དང་ལས་བྱེད་པ་དང་ལས་བཟོ་ཡང་རིམ་བཞིན་ད་ཆའི་མི་10ཡང་མེད་པའི་བར་ཉུང་དུ་ཕྱིན་ཡོད།

    སྣེ་ལེན་དང་ཞབས་ཞུ་ནི་མིག་སྔའི་དོན་གཅོད་ཁྲུའུ་ཡི་འགན་འཁྲི་གལ་ཆེན་གཞན་ཞིག་རེད། བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། ལོ་ལྟར་ཡེ་ཁྲེང་བརྒྱུད་མངའ་རིས་སུ་འགྲོ་སྐྱོད་བྱེད་མཁན་མི་ཐེངས་ཁྲི་1ལྷག་ཙམ་ཟིན་གྱི་ཡོད་པ་དང་། དོན་གཅོད་ཁྲུའུ་རུ་རོགས་རམ་རེ་ཞུ་བྱེད་མཁན་དང་བློ་འདྲི་བྱེད་མཁན་མི་1000ལྷག་ཙམ་ཟིན་གྱི་ཡོད། ཏང་ཡོན་ལས་བྱེད་པ་དང་། མང་ཚོགས་དཀྱུས་མ། ནང་སའི་ཡུལ་སྐོར་བ་བཅས་ཡིན་ནའང་འདྲ་ཡང་ན་སྒེར་འཁོར་གཏོང་མཁན་སུ་ཞིག་ཡིན་རུང་དོན་གཅོད་ཁྲུའུ་རུ་ཕྱིན་ཚེ་ཚང་མས་སེམས་རྩ་འཁོལ་པོས་སྣེ་ལེན་ཞུ་བ་དང་བློ་གཅིག་སེམས་གཅིག་གིས་ཞབས་འདེགས་ཞུ་གི་ཡོད།

    ལི་ཤིན་ཅེ་ཡིས། ང་ཚོས་ལོ་ལྟར་ནད་གཞི་ལྕི་བའི་མངའ་རིས་ཀྱི་ལས་བྱེད་པ་དང་མང་ཚོགས་མང་པོ་ཞིག་ལ་རོགས་རམ་བྱེད་ཀྱི་ཡོད། ཡེ་ཁྲེང་དུ་ནད་ལྟ་མཁན་ལ་སྨན་ཁང་ནས་མ་དོན་པའི་བར་རོགས་པ་བྱེད་པ་དང་ས་ཆ་གཞན་དུ་ནད་ལྟ་མཁན་ལ་ཁོང་ཚོ་བདེ་འཇགས་ངང་རླངས་འཁོར་ནང་སྐྱེལ་གྱི་ཡོད་ཅེས་བརྗོད།

    གསར་འགོད་པས་བཅར་འདྲི་བྱེད་སྐབས། དོན་གཅོད་ཁྲུའུ་ཡི་སྒོ་རའི་ནང་ཟོག་འདྲེན་རླངས་འཁོར་ཆེན་པོ་ཁ་ཤས་བཞག་ཡོད་པ་དེ་དག་གི་ཁ་ལོ་བ་ཚང་མ་མངའ་རིས་ནས་ལས་ཀ་འཚོལ་བར་ཡོང་བ་ཤ་སྟག་རེད་འདུག ཁོང་ཚོ་ཚང་མ་དོན་གཅོད་ཁྲུའུ་རུ་སྡོད་ཀྱི་ཡོད། ལི་ཤིན་ཅེ་ཡིས་ཉིན་དེ་དག་ནང་ཁོང་ཚོར་ལས་ཀ་འཚོལ་རོགས་བྱས་ནས་ཐབས་བརྒྱ་ཇུས་སྟོང་གིས་ཁོང་ཚོར་ལས་ཀ་ཡག་པོ་ཞིག་རག་ཐབས་བྱས།

    མི་མང་པོར་རྒྱང་རིང་གི་ཁྱིམ་ཚང་ཞིག་བསྐྲུན་ཡོད་ནའང་། དོན་གཅོད་ཁྲུའུ་ཡི་བློ་མཐུན་ཚང་མའི་ཁྱིམ་ཚང་ཧ་ཅང་སྐྱོ་པོ་ཡིན་པ་བསམ་ཡུལ་ལས་འདས། ཚང་མ་དུས་རབས་གོང་མའི་ལོ་རབས་70པར་བསྐྲུན་པའི་རྒྱ་ཁྱོན་སྨི་ངོས་གྲུ་60ཡང་མ་ཟིན་པའི་སོ་ཕག་གི་ཁང་པའི་ནང་སྡོད་ཀྱི་ཡོད། ཁང་པ་དེ་དག་ས་གནས་དེ་གའི་སྲིད་གཞུང་གིས་ཉེན་ཁང་གི་གྲས་སུ་བཅུག་ཡོད། བློ་མཐུན་ཁ་ཤས་ཀྱི་སྡོད་ཁང་གི་གྱང་གས་ཡོད་པས་སོ་སོས་དངུལ་བཏང་ནས་ཉམས་གསོ་བྱེད་དགོས་བྱུང་ཡོད། འབྲེལ་ཡོད་སྲིད་ཇུས་ཀྱི་ཚོད་འཛིན་ཕོག་པའི་དབང་གིས་ལས་ཤག་གསར་པ་ད་བར་རྒྱག་ཐུབ་མེད་པས་ཚང་མ་མུ་མཐུད་སྡོད་ཁང་རྙིང་པའི་ནང་སྡོད་དགོས་བྱུང་ཡོད།

    ལི་ཤིན་ཅེ་ཡིས“སྡོད་ཁང་གི་ཆ་རྐྱེན་ཞན་པོ་ཡོད་ནའང་སྐྱོན་མི་འདུག ལས་ཀར་འཐུས་ཤོར་མ་ཕྱིན་ན་འགྲིག་སོང་། ང་ཚོའི་མི་རབས་འདི་ནི་སྔོན་སྐྱོད་ལེན་ཤོག་གི་གཏམ་རྒྱུད་ཉན་ནས་འཚར་ལོངས་བྱུང་བ་ཞིག་ཡིན་ལ། ལས་རོགས་ཁ་ཤས་ནི་དཔུང་སྡེའི་བུ་ཕྲུག་ཡིན། མངའ་རིས་བཅིངས་འགྲོལ་གཏོང་མཁན་གྱི་སྔོན་གཤེགས་དཔའ་བོ་ཚོ་དང་བསྡུར་ན་ང་ཚོའི་དཀའ་ངལ་འདི་རིགས་གླེང་རིན་མེད”ཅེས་བརྗོད།

    1983ལོར་ལོ་23ལ་སླེབས་པའི་ཕོ་གཞོན་ལི་ཤིན་ཅེ་ཕ་ཡུལ་ཧོ་ནན་ནས་ལེ་དབར་སྟོང་གི་བར་ཐག་ཆོད་པའི་མངའ་རིས་སྤུ་ཧྲེང་དུ་ལས་ཀ་བྱེད་པར་སླེབས། ལོ་7སོང་རྗེས་རྩ་འཛུགས་ཀྱི་བཀོད་སྒྲིག་ལྟར་ཡེ་ཁྲེང་དོན་གཅོད་ཁྲུའུ་རུ་སླེབས་ཤིང་སྒོ་རའི་ནང་གི་རྒྱ་ལྕང་འདི་དང་འདྲ་བར་འདི་གར་རྩ་བ་ཚུགས།

    ལོ་30ལྷག་ཙམ་འདས་ཟིན་ཞིང་། ཁོང་དང་དོན་གཅོད་ཁྲུའུ་ཡིས་དུས་རབས་ཀྱི་འཕོ་འགྱུར་ཆེན་པོ་བརྒྱུད་མྱོང་བ་དང་མངའ་རིས་ཀྱི་འཕེལ་རྒྱས་ལ་དཔང་པོ་བྱས་ཡོད། ད་ཆ་ལོ་60ལ་སླེབས་པའི་ཁོང་གིས་སྔར་བཞིན་ལས་རོགས་ཚོ་དང་མཉམ་དུ་ཡེ་ཁྲེང་དོན་གཅོད་ཁྲུའུ་བརྟན་སྲུང་བྱེད་བཞིན་དུ་མངའ་རིས་ནས་སླེབས་པའི་གྲོགས་པོ་དགའ་བས་བསུ་བཞིན་ཡོད།

    997091_yis_1630252800000_s.jpg

    རྩ་གཉིས་ཨང་རྟགས་བཤེར་འབེབས་བྱས་ན་ནང་དོན་དེ་བས་མང་བར་བལྟ་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།