ཟླ་8ཚེས་19ཉིན་གྱི་སྔ་དྲོར། བོད་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་2ཁྲི་ལྷག་ཙམ་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་འཛོམས་ནས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་སྒོ་བན་དུ་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་དགོས་ཞེས་ཕྱག་བྲིས་ཕྱག་བསྟར་མ་གནང་ཞིང་། བརྩེ་བ་ཟབ་པའི་ཕྱག་བྲིས་ཕྱག་བསྟར་མ་གངས་རི་དང་རྩྭ་ཐང་གིས་བསྐོར་བའི་ས་མཐོའི་གྲོང་ཁྱེར་དང་གྲོང་གསེབ་ཡོངས་སུ་ཁྱབ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་འཕེལ་རྒྱས་འཛུགས་སྐྲུན་དང་། དམངས་འཚོའི་བདེ་སྡུག སྐྱེ་ཁམས་སོགས་ཐོག་མཐའ་བར་གསུམ་དུ་ཐུགས་ལ་བཅངས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་སྤྱི་ཡོངས་ནས་འགོ་བཙུགས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཆ་ལག་ཚང་བའི་འཆར་འགོད་གནང་བས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གྲུབ་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།
དེ་རིང་ང་ཚོ་དང་མཉམ་དུ་ཡངས་པའི་ས་མཐོའི་བོད་ལྗོངས་སུ་བསྐྱོད་དེ། འདི་གར་ཐོན་པའི་གཏམ་རྒྱུད་ཉན་པ་དང་ཡུལ་འདིའི་ལོ་ངོ་70རིང་གི་འཕོ་འགྱུར་ཆེན་པོར་གཟིགས་རོགས།
ལེགས་སྐྱེས་ཀྱི་གཏམ་རྒྱུད།
ཡུལ་སྨད་ཤང་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་གི་ཁོངས་སུ་གཏོགས་པ་དང་ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་སུ་གནས་ཡོད།
1995ལོའི་གོང་གི་ལོ་བཅུ་གྲངས་རིང་སྒྲོལ་དཀར་དང་ཁོང་གི་གཅུང་མོ་གཡང་འཛོམས། དེ་བཞིན་ཕ་སངས་རྒྱས་ཆོས་པ་ནི་ས་ཆ་དེ་གའི་ཡུལ་མི་གསུམ་པོ་དེ་རེད།
ཁང་པ་གཅིག་རང་ཡོད་པ་དེ་ཤང་སྲིད་གཞུང་རེད་ལ་ཁོ་ཚོའི་ཁྱིམ་ཡང་རེད།
ཉིན་ཞིག་ཕ་ཡིས་སྒམ་བསྔོགས་ནས་དུས་རྒྱུན་གྱོན་གོས་བཟོ་བྱེད་ཀྱི་རས་དམར་པོ་དང་སེར་པོ་བཏོན་ཏེ་ཞིབ་མོའི་བློ་ཡིས་རྒྱལ་དར་བཙེམས་པ་ད་བར་སྒྲོལ་དཀར་གྱི་དྲན་པའི་ངོས་སུ་གསལ་པོར་ངེས་ཡོད།
ཕ་ཡིས་བུ་མོ་གཉིས་ལ“འདི་ནི་ཀྲུང་གོའི་རྩ་ཆེ་ཤོས་ཀྱི་ཅ་དངོས་ཤིག་རེད”ཅེས་བརྗོད།
ཉིན་དེར་མངའ་ཁོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་3644ཟིན་པའི་མཐའ་མཚམས་ཀྱི་ཡུལ་སྨད་དུ་སྐར་ལྔའི་དར་དམར་གཅིག་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད།
སངས་རྒྱས་ཆོས་པས་1960ལོ་ནས་བཟུང་ཡུལ་སྨད་ཤང་གི་ཤང་ཀྲང་གི་འགན་ཁུར་ནས་ལོ་29ཏག་ཏག་མཐའ་མཚམས་བརྟན་པོར་བསྲུངས། 1988ལོར་སྒྲོལ་དཀར་གྱིས་ཕ་ཡི་རྒྱུན་འཛིན་བྱས་ཏེ་ཤང་ཀྲང་གི་ལས་འགན་ཁུར་ནས་ལོ་23ཏག་ཏག་མཐའ་མཚམས་བརྟན་པོར་བསྲུངས།
སྐད་གྲགས་མེད་པར་མཐའ་མཚམས་བརྟན་པོར་སྲུང་། དཔའ་ཉམས་དོད་པའི་གཏམ་བརྗོད་མེད་ཀྱང་བརྩེ་བ་ཟབ་མོ་བཅངས། རྒྱལ་ཁབ་ཀྱི་བདེ་འཇགས་དང་རྒྱལ་ཁབ་ཀྱི་མངའ་ཁོངས་ཆ་ཚང་སྲུང་ཆེད། ཁོ་ཚོས་བྱ་སྤྱོད་དངོས་ལ་བརྟེན་ནས་བླ་ན་མེད་པའི་འགན་འཁྲི་ལག་ལེན་དུ་འཁྱོལ་བར་བྱས་ཡོད། འདི་ནི་ལེགས་སྐྱེས་འབུལ་མཁན་གྱི་རང་གཤིས་རེད།
1994ལོའི་ཟླ་11ཚེས་29ཉིན། ཁུང་ཧྥན་སེན་གཞུང་དོན་གྱི་ཆེད་དུ་སྐུ་གཤེགས་དུས་ཁོང་གི་ལུས་ལ་ཤུལ་བཞག་དངོས་པོ་གཉིས་རང་ལ་མེད་པ་ནི་སྒོར་8དང་སྒོར་ཟུར་6དང་ཁོང་སྐུ་མ་གཤེགས་གོང་བྲིས་གནང་བའི་མངའ་རིས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་གྲོས་འགོ་ཁག་12རེད།
ད་ཆ་མངའ་རིས་ཀྱི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་ཡོད་པའི་ཁུང་ཧྥན་སེན་གྱི་བང་སོ་སྤོར་ཤིང་གིས་བསྐོར་ཡོད།
1954ལོར་དམག་དམངས་ཁྲི་11གིས་མཚོ་བོད་གཞུང་ལམ་དང་ཁྲོན་བོད་གཞུང་ལམ་སྐྲུན་སྐབས། ལམ་བཟོ་བ་3000ཙམ་གྱིས་རང་ཉིད་ཀྱི་ཚེ་སྲོག་སྐྱེས་སུ་ཕུལ་བས་ནམ་ཡང་བོད་སྐྱོད་གཞུང་ལམ་གྱི་རྨང་རྡོར་གྱུར་པ་རེད།
གྲངས་ལས་འདས་པའི་ལེགས་སྐྱེས་པ་དང་། རང་སྲོག་བློས་གཏོང་ཕོད་པའི་འབད་འཐབ་པ། “གནམ་ས་གསར་པ་གཏོད་ཕོད་པའི”འཛུགས་སྐྲུན་པ་བཅས་ཡོད་པས། དུས་ཐུང་ལོ་ངོ་70ཡི་རིང་བོད་ལ་ལོ་ངོ་སྟོང་གི་ལོ་རྒྱུས་རང་བཞིན་གྱི་ཡར་རྒྱས་བྱུང་ཡོད།
ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། རྒྱ་ཆེའི་ལས་བྱེད་པ་དང་ལྷག་དོན་དུ་བོད་ཀྱི་ལས་བྱེད་པ་ཚོས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དར་སྤེལ་གཏོང་དགོས་ཞེས་གསུངས་ཡོད། ཁོ་ཚོ་ནི“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”གཏོད་མཁན་དང་། ལག་ལེན་སྟར་མཁན། རྒྱུན་འཛིན་བྱེད་མཁན་བཅས་རེད། སྙིང་སྟོབས་འདི་རྒྱུན་འཛིན་བྱེད་རིང་དུས་དང་བར་མཐོངས་ལས་འདས་པའི་སྟོབས་ཤུགས་མངོན་བཞིན་མཆིས།
སྔོ་ལྗང་གི་གཏམ་རྒྱུད།
ཟླ་7པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་སྐབས། “སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་དགོས”ཞེས་དང“སའི་གོ་ལའི་སྣེ་གསུམ་པའི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱེད་དགོས”ཞེས་གསུངས་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ཀྱིས་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་འཆར་འགོད་ལག་བསྟར་མགྱོགས་མྱུར་བྱས་ནས།《རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག》བཟོས་ཏེ་སྐྱེ་ཁམས་འཛུགས་སྐྱོང་བྱེད་པ་དེ་སྲུང་སྐྱོང་ལ་སྣང་ཆེན་བྱེད་པ་ནས་རང་འགུལ་ངང་བྱས་རྗེས་འཇོག་པའི་བར་འགྱུར་ལྡོག་འགྲོ་བར་སྐུལ་འདེད་བཏང་སྟེ་ད་བར་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་121ལྷག་ཙམ་བཏང་ཡོད།
རྒྱལ་ཁབ་ཀྱིས་ཀྱང་བོད་ཀྱི་སྐྱེ་ཁམས་སྲུང་སྐྱོང་ལ་ཐོག་མཐའ་བར་གསུམ་དུ་མཐོང་ཆེན་བྱས་པ་སྟེ། ལོ་ངོ་70ཡི་རིང་རིམ་པ་ཁག་དང་རིགས་ཁག་གི་རང་བྱུང་སྲུང་སྐྱོང་ཁུལ་47བསྐྲུན་པ་དང་རིགས་ཁག་གི་སྐྱེ་ཁམས་ནུས་པའི་སྲུང་སྐྱོང་ཁུལ་22བསྐྲུན་ཡོད། རང་བྱུང་སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་41.22ཟིན་ནས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་གསུམ་ཆ་གཅིག་ཡན་བཟུང་ཡོད།
སྔོ་ལྗང་ས་མཐོ་ཡངས་པའི་སྐྱེ་ཁམས་ཀྱི་མཚོན་རྟགས་སུ་གྱུར་ཡོད།
མཐུན་སྒྲིལ་གྱི་གཏམ་རྒྱུད།
ཟླ་བདུན་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་སྐབས། བོད་ནི་མི་རིགས་ཁག་གིས་ཐུན་མོང་ཐོག་གསར་སྤེལ་བྱས་པ་ཞིག་ཡིན་པ་དང་བོད་ཀྱི་ལོ་རྒྱུས་ནི་མི་རིགས་ཁག་གིས་ཐུན་མོང་ཐོག་བྲིས་པ་ཞིག་རེད། བོད་རིགས་དང་མི་རིག་གཞན་དག་དབར་གྱི་སྤེལ་རེས་ནི་བོད་འཕེལ་རྒྱས་ཀྱི་ཐོག་མཐའ་བར་གསུམ་དུ་ཁྱབ་ཡོད་ཅེས་གསུངས་པ་རེད།
འདི་ལོ་ལོ་55ལ་སླེབས་པའི་སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་བཞི་པའི་བོད་སྐྱོར་ལས་བྱེད་པ་ཞུང་ཧའེ་ཡིས་སྐབས་གཉིས་བསྟུད་མར་བོད་སྐྱོར་བྱས་པ་དང་རུ་སྣེ་ཁྲིད་ནས་བོད་ཀྱི་ས་ཁུལ་དང་གྲོང་ཁྱེར་7ལ་བསྐྱོད་དེ་ས་བབ་མཐོ་བའི་ཐག་རིང་ལུང་ཁུག་ས་ཁུལ་གྱི་ཞིང་འབྲོག་ཁུལ་དུ་འོས་འགན་སྨན་བཅོས་བྱས་པར་མང་ཚོགས་མི་ཐེངས་ཁྲི་1.7ལ་ཕན་པ་ཐོབ་པ་རེད།
2020ལོར་ཞུང་ཧའེ་ཡི་ཚོགས་པས་ནག་ཆུ་གྲོང་ཁྱེར་དུ་འོས་འགན་སྨན་བཅོས་བྱེད་རིང་ལོ་3ལ་སླེབས་པའི་སྲི་ཆོད་ཐར་ལ་ལྷན་སྐྱེས་སྐྱ་འགྲིབ་ཕོག་པ་ཤེས། ཕྲུ་གུ་དེར་གང་མགྱོགས་སྨན་བཅོས་ཐུབ་ཆེད། ཞུང་ཧའེ་ཡིས་འཕྲལ་མར་ཧྭ་ཤིས་སྨན་ཁང་བཞི་པ་དང་འབྲེལ་གཏུག་བྱས་ནས་ཕྲུ་གུ་དེ་ཁྲེང་ཏུར་གཤགས་བཅོས་བྱེད་པའི་རོགས་རམ་བྱས།
“ཡོན་ཀྲང་ཞུང་ཧའེ་ནི་ང་ཚོའི་སྲོག་སྐྱོབ་དྲིན་ཆེན་ཡིན”ཞེས་སྲི་ཆོད་ཐར་གྱི་པ་ཕས་བཤད།
དུས་རབས་20པའི་ལོ་རབས་90པ་ནས་ད་བར་སྔ་རྗེས་སུ་ཞུང་ཧའེ་དང་འདྲ་བའི་བོད་སྐྱོར་ལས་བྱེད་པ་9682ཀྱིས་བོད་ལྗོངས་འཛུགས་སྐྲུན་གྱི་ལས་ལ་གཞོལ་ནས་བོད་ལྗོངས་འཕེལ་རྒྱས་དང་བརྟན་ལྷིང་ལ་བློ་རིག་དང་སྟོབས་ཤུགས་སྐྱེས་སུ་ཕུལ་བ་མ་ཟད། མི་རིགས་མཐུན་སྒྲིལ་སྲ་བརྟན་ལས་དོན་ལའང་ཤུགས་སྣོན་བརྒྱབ་ཡོད་པ་རེད།
ལོ་ལེགས་ཀྱི་གཏམ་རྒྱུད།
སྟོན་འགོར་བོད་ཀྱི་ས་གནས་ཁག་ཏུ་ལོ་ངོ་སྟོང་གི་སྲོལ་རྒྱུན་ལྡན་པ་དང་ས་ཞིང་ལ་ལོ་ལེགས་ཡོང་བར་སྨོན་པའི་སྲོལ་རྒྱུན་གྱི་དུས་ཆེན“འོང་སྐོར”གཏོང་གི་ཡོད།
ལོ་79ལ་སླེབས་པའི་གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་གི་ཞིང་པ་ནོར་བུས་ཞིང་ཚིགས་སུ་ལངས་ནས་ཡོངས་སུ་སྨིན་པའི་ནས་ཞིང་ལ་ལྟ་བཞིན་དགའ་ཚོར་ཆེན་པོ་བྱེད།
བགྲེས་སོང་གིས“ལོ་ན་རྒས་པའི་དབང་གིས་འགྲོ་སྐྱོད་སྟབས་བདེ་པོ་མེད་སྟབས། འོང་སྐོར་ལ་འགྲོ་ཐུབ་ཀྱི་མི་འདུག འདི་གར་ལངས་ཚེ་ནས་ཞིང་གི་དྲི་ཞིམ་སྣོམ་ཐུབ་ཀྱི་འདུག”ཅེས་བཤད།
མིག་སྔར་བོད་ཀྱི་རོང་ཁུལ་དུ་ཡུག་དང་ཡུག་བྱས་པའི་ནས་ཞིང་དུ་སྙེ་མས་མགོ་ལྕོག་ལྡེམ་ལྡེམ་བྱེད་པ་དང་གང་སར་གསེར་ཐིང་ངེར་གནས་པ་ནི་ཞིང་པ་ཚོའི་སེམས་པའི་བདེ་སྐྱིད་དང་གཉིས་སུ་མ་མཆིས།
ཟླ་7པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་སྐབས། ཡུལ་མི་ཚོའི་འཚོ་བ་ཡག་པོ་ནི་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་ལས་བྱུང་བ་རེད་ལ། ཁྱེད་ཚོ་རང་ཉིད་ཀྱི་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་བྱུང་བ་ཞིག་ཀྱང་རེད། ཏང་ཀྲུང་དབྱང་གིས་བོད་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ཏེ་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་ཡོད།
ལོ་ངོ་70ཡི་རིང་བོད་ཀྱི་ཞིང་འབྲོག་པའི་ཡོང་འབབ་ལོ་18བསྟུད་མར་གྲངས་གནས་གཉིས་འཕར་བ་རྒྱུན་འཁྱོངས་ཐུབ་ཡོད། 2020ལོར་གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་14598ཟིན་པ་དེ་1965ལོར་གྲངས་གཞི་བསྡོམས་རྩིས་བྱས་ཚུན་གྱི་ལྡབ་135ཡིན་པ་རེད།
རྒྱལ་ཡོངས་ཀྱི་གཅིག་སྡུད་ཡུག་སྦྲེལ་ཁུལ་གྱི་ཞིང་ཆེན་རིམ་པའི་ས་ཁུལ་དབུལ་པོ་གཅིག་པུ་དེ་ཡང་2019ལོའི་ལོ་མཇུག་ཏུ་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་དབུལ་པོ་དབུལ་རྐྱང་བསལ་བ་དང་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་62.8ཚང་མ་དབུལ་སྒྲོལ་ཐུབ་ཡོད།
ད་ཆ་གངས་ལྗོངས་ས་མཐོ་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་སུ་སྐྱོད་བཞིན་ཡོད་ལ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པའང་རྩོམ་བཞིན་ཡོད།