བོད་ལྗོངས་མངའ་རིས་ནི“གནམ་གྱི་མཐའི་མངའ་རིས”རེད། དེ་སྔ་ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ཟིན་པའི་ས་མཐོ་འདིར“འཛམ་གླིང་གི་ཡང་རྩེའི་ཡང་རྩེ”དང་། “མི་མེད་ལུང་སྟོང”“མྱ་ངམ་ཐང”ཞེས་བརྗོད་ཀྱི་ཡོད། ད་ཆ་དེ་གར་སྐྱོད་སྐབས་གང་སར་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བཞིན་འདུག
སྔོ་ལྗང་མང་དུ་ཕྱིན་པ།
ཧིན་རྡུ་རྒྱ་མཚོའི་དྲོད་རླུང་ཧི་མ་ལ་ཡའི་རི་རྒྱུད་བརྒལ་ནས་བྱང་ཕྱོགས་ཀྱི་གངས་ཏི་སིའི་རི་རྒྱུད་བརྒྱུད་དུ་ལྡང་སྐབས་དྲོད་ཚད་ཆག་གི་ཡོད། ཉི་འོད་ཤུགས་ཆེན་དང་རླུང་པོ་དྲག་པོ་ལས་གནམ་གཤིས་སྐམ་ཤས་ཆེ་རུ་འགྲོ་བ་མ་ཟད། མི་ཕྱུགས་མང་དུ་ཕྱིན་ནས་ཤིང་གཅོད་པ་དང་ས་རྒོད་གསར་སྦོལ་བྱས་པ་སོགས་ལས་1990ལོར་བོད་ཀྱི་ས་ཁུལ་དང་གྲོང་ཁྱེར་7གྱི་བྱེ་ཐང་ཅན་ས་ཆས་སྐབས་ཤིག་རིང་བོད་ཀྱི་ས་ཆའི་རྒྱ་ཁྱོན་གྱི་16.61%བཟུང་ཡོད། ས་ཆ་བྱེ་ཐང་ཅན་དུ་གྱུར་བ་དེ་བོད་ལ་འཕྲད་པའི་དཀའ་གནད་ཅིག་རེད།
1989ལོ་ནས་བཟུང་ཀྲུང་གོ་ཚན་རིག་ཁང་ནུབ་བྱང་སྐྱེ་ཁམས་ཁོར་ཡུག་ཐོན་ཁུངས་ཞིབ་འཇུག་ཁང་སོགས་ཀྱིས་བོད་ཀྱི་ས་ཆ་བྱེ་ཐང་ཅན་དུ་འགྱུར་བའི་གནད་དོན་ལ་བརྒྱུད་རིམ་ལྡན་པའི་ཞིབ་འཇུག་བྱེད་འགོ་ཚུགས་ཡོད། དུས་རབས་21པའི་དུས་འགོར་སླེབས་སྐབས་བོད་ཀྱི་ས་ཆ་བྱེ་ཐང་ཅན་དུ་འགྱུར་བར་ཞིབ་འཇུག་དང་འགོག་བཅོས་བྱེད་པའི་དཔེ་སྟོན་ཕྱོགས་ཡོངས་ནས་སྤེལ་བས་བྱེ་ཐང་རྒྱ་ཆེར་འགྲོ་ཚད་མངོན་གསལ་དོད་པོས་ཚོད་འཛིན་ཐུབ་ཡོད།
འོན་ཀྱང་ལག་ལེན་ཁྲོད་སྡོང་ཕྲུག་ལེགས་འདེམས་དང་། ས་རྒྱུའི་སྤུས་ཚད་ལེགས་བཅོས། གྲང་འགོག་བཅས་ནི་དཀའ་ཚེགས་ཆེ་བའི་ལས་དོན་ཞིག་རེད།
བྱེ་བཅོས་ལས་ཀ་བྱེད་མཁན་ཧུའུ་ཅན་ཡུང་2006ལོར་གཞིས་རྩེ་གྲོང་ཁྱེར་དུ་བསྐྱོད་དེ་སྔོ་ལྗང་ས་གཞི་སྐྱེད་ཚལ་སྔོ་འགྱུར་ལས་གྲྭ་ཚད་ཡོད་ཀུང་སི་བཙུགས་ནས་དེ་གའི་ལོ་15རིང་གི་འཕོ་འགྱུར་ལ་དཔང་པོ་བྱས་ཡོད། གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་དང་བཞད་མཐོང་སྨོན་རྫོང་གིས་དེ་གོང་ལོ་མང་བྱེ་བཅོས་བྱས་མོད། འོན་ཀྱང་ས་ཆ་ལ་ལར་སྡོང་ཕྲུག་འདེམས་སྟངས་མ་འགྲིག་པ་དང་། ལྗོན་ཤིང་མ་གསོན་པ། ལྷགས་པ་རྒྱག་སྐབས་བྱེ་རླུང་འཚུབ་པ། རླངས་འཁོར་གཏོང་མི་ཕོད་པ་བཅས་ཀྱི་གནས་ཚུལ་ཡང་ཡང་ཐོན་གྱི་ཡོད་པས། ས་གནས་དེ་གའི་སྲིད་གཞུང་གིས་སྤྱི་ཚོགས་ལ་ཡོངས་བསྒྲགས་ངང་འོས་སྐུལ་འོས་དཔོད་བྱེད་འགོ་བཙུགས་ནས་དུས་ཡུན་ལོ་3ནང་བྱེ་བཅོས་དམིགས་ཚད་སྒྲུབ་དགོས་པའི་བླང་བྱ་བཏོན་ཡོད།
ཧུའུ་ཅན་ཡུང་གིས་སྐབས་དེའི་དཀའ་ཚེགས་ལ་ཕྱིར་དྲན་བྱེད་བཞིན་དུ། རྩྭ་རྩི་ཤིང་འདེབས་པའི་དུས་ཚོད་ཟླ་བ་བདུན་པ་དང་བརྒྱད་པ་གཉིས་ལས་མེད། སྨི་3800ཡི་སར་གསོན་ཐུབ་པའི་ལྗོན་ཤིང་སྨི་4200ཡི་སར་གསོན་ཐུབ་ཀྱི་མེད། ལོ་དང་པོར་ཡག་པོ་གསོན་པའི་རྩི་ཤིང་ལོ་གསུམ་པར་ས་རྒྱུ་བུལ་དུ་ཚབས་ཆེན་གྱུར་ནས་སྐྱེ་འཚར་ཞན་དུ་འགྲོ་ཡི་ཡོད། ལོ་5འཚོལ་ཞིབ་བྱས་པ་བརྒྱུད་རྒྱལ་རྩེའི་གླ་ཚེར་དང་ཀྲུང་གོའི་གླ་ཚེར་སོགས་ས་གནས་དེ་གའི་རྩི་ཤིང་ཧུའུ་ཅན་ཡུང་གི་བྱེ་འགོག་གི“ནོར་བུ”ལྟ་བུར་གྱུར་ནས་གསོན་ཚད་85%ཡན་ཟིན་གྱི་ཡོད།
ད་ཆ་བྱེ་བཅོས་ཞོར་གཏོགས་ལས་གྲྭ་འཐུས་སྒོ་ཚང་དུ་ཕྱིན་པ་དང་བསྟུན་ནས། ཧུའུ་ཅན་ཡུང་གི་ཚོགས་པས་འགན་འཁུར་བའི་འགོག་གསོའི་ས་ཞིང་གི་རྩྭ་ཚང་མ་སྐྱེ་འཚར་ཡག་པོ་བྱུང་ཡོད།
“ལོ་ལྔ་ཚན་བཅུ་གསུམ་པའི”རིང་། “གཙང་པོ་གཉིས་དང་ཆུ་བོ་བཞི”རྒྱུག་ཁུལ་གྱི་ནགས་བཟོ་སྔོ་འགྱུར་དང་། ལྷ་ས་དང་དེ་བཞིན་མཐའ་འཁོར་ས་ཁུལ་གྱི་ནགས་བཟོ་སྔོ་འགྱུར། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གྱི་བྱེ་འགོག་བྱེ་བཅོས་སོགས་ཀྱི་ལས་གྲྭ་ལག་བསྟར་བྱས་ནས་ནགས་བཟོ་མུའུ་ཁྲི་600ཙམ་བྱས་པ་དང་ཚན་རྩལ་འདུས་ཚད་དེ་བས་མཐོ་བའི་གནམ་གྲུས་སོན་གཏོར་ནགས་བཟོའི་ཚོད་ལྟའི་ལས་དོན་བདེ་བླག་ངང་སྤེལ་འགོ་ཚུགས་པ་དང་གནམ་གྲུས་སོན་གཏོར་ནགས་བཟོའི་རྒྱ་ཁྱོན་མུའུ་ཁྲི་21.8ཟིན་ཡོད།
སྣ་མང་ཚེ་སྲོག་སྲུང་སྐྱོང་བྱས་པ།
བོད་དུ་སྣ་མང་ཚེ་སྲོག་གནས་ཤིང་། 2014ལོར་རྒྱལ་ཁབ་ནགས་ལས་ཅུས་དང་། བོད་རང་སྐྱོང་ལྗོངས་ནགས་ལས་ཐིང་། བོད་རང་སྐྱོང་ལྗོངས་ནགས་ལས་བརྟག་དཔྱད་འཆར་འགོད་ཞིབ་འཇུག་ཁང་། བརྙན་པར་སྐྱེ་དངོས་བརྟག་དཔྱད་སུའོ་བཅས་ཀྱི་པར་ལེན་མཁས་ཅན་ལི་ཁྲེང་གིས་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་ནས་སྤྲེའུའི་རིགས་གསར་པ་སྤྲེའུ་འགྲམ་དཀར་རྙེད་པ་རེད།
ཚན་རིག་རྟོག་ཞིབ་རྒྱུན་མཐུད་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས། མིག་སྔར་སྐམ་སར་འཚོ་བའི་རི་སྐྱེས་སྲོག་ཆགས་ཀྱི་རིགས་གསར་པ་ཤེས་རྟོགས་ཐུབ་པར་དཀའ་ངལ་ཧ་ཅང་ཆེན་པོ་ཡོད་མོད། འོན་ཀྱང་སྐམ་སར་འཚོ་བའི་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་བརྟག་དཔྱད་ཐེངས་གཉིས་པ་བྱེད་རིང་། བོད་དུ་སྤྲེའུ་འགྲམ་དཀར་ཚུད་པའི་སྲོག་ཆགས་རིགས་གསར་པ་5ཤེས་རྟོགས་ཐུབ་ཡོད།
ཡར་ཀླུང་གཙང་པོའི་རོང་ཆེན་དང་། ཇོ་མོ་གླང་མ། བྱང་ཐང་སོགས་ཚང་མར་རྒྱལ་ཁབ་ཀྱི་མཚོན་བྱེད་རང་བཞིན་གྱི་རང་བྱུང་སྐྱེ་ཁམས་མ་ལག་ལྡན་ཡོད།
1951ལོར་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས“སྲིད་དོན་སྤྱི་ཁྱབ་ཁང་གི་བོད་ཀྱི་ལས་དོན་རུ་ཁག”སྒྲིག་འཛུགས་བྱས་ནས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་ཚན་རིག་དང་མཐུན་པའི་ངོས་འཛིན་དང་སྲུང་སྐྱོང་བྱེད་འགོ་ཚུགས་ཡོད།
དུས་རབས་20པའི་ལོ་རབས་80པ་ནས་བཟུང་། བོད་ཀྱིས་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་བྱེད་འགོ་ཚུགས་ཡོད། མིག་སྔར་བོད་དུ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་11དང་། རྒྱལ་ཁབ་ནགས་ཚལ་སྤྱི་གླིང་9 རྒྱལ་ཁབ་འདམ་རའི་སྤྱི་གླིང་22བཅས་ཡོད་པ་དང་རང་བྱུང་སྲུང་སྐྱོང་ཁུལ་གྱིས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་38.75%བཟུང་ཡོད།
བོད་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་དུ་སྤྱི་ལེ་ངོས་གྲུ་ཁྲི་ཡན་ཟིན་པ་དང་འབྲོག་པ་ཐར་ཐོར་དུ་གནས་ཡོད་པས། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཇི་ལྟར་ཡོང་བར་བྱེད་དགོས་སམ།
དེ་སྔའི་མི་མེད་ལུང་སྟོང་དེ་སླར་ཡང་རི་སྐྱེས་སྲོག་ཆགས་ཀྱི་དགའ་ཚལ་དུ་འགྱུར་ངེས།
རང་བྱུང་སྲུང་སྐྱོང་ཁུལ་9ཡི་སྤྱི་ལེ་ངོས་གྲུ་ཁྲི་28ལ་འགྱུར་ལྡོག་དེ་འདྲ་འགྲོ་བཞིན་ཡོད། ཡར་ཀླུང་གཙང་པོའི་ངོགས་སུ་ནུས་པ་ཆ་ཚང་བའི་དེང་རབས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཞིག་ཆགས་ཡོད་པ་དང་ནག་ཆུ་དང་། མངའ་རིས། གཞིས་རྩེ་སོགས་ས་བབ་མཐོ་ཚད་སྨི་4800ཡན་གྱི་ས་བབ་ཤིན་ཏུ་མཐོ་བའི་ས་ཁུལ་གྱི་མང་ཚོགས་ཁྲི་10ལྷག་ཙམ་དེ་གར་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད་པ་རེད།
སྔོ་ལྗང་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
བོད་ལྗོངས་ནི་རི་སྐྱེས་སྲོག་ཆགས་ཀྱི་དགའ་ཚལ་ཡིན་པ་མ་ཟད། ད་དུང་སྐར་མར་ལྟ་བའི་གནས་མཆོག་ཀྱང་རེད།
དེ་གར་ལོ་ལྟར་གནམ་དྭངས་པའི་མཚན་མོ་ཉིན་300ལྷག་ཙམ་ཡོད་པ་དང་འོད་ཀྱི་གནོད་འཚེ་ཆུང་བ་དང་། རླུང་ཁམས་ཆེན་པོའི་དྭངས་ཚད་མཐོ་བ། ས་བབ་མཐོ་བ། སྐར་ཚོགས་ཀྱི་རིག་གནས་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པ་བཅས་ཡོད་པས། གནམ་དཔྱད་རིག་པ་མཁས་ཅན་ཚོས་ཁས་ལེན་པའི་གོ་ལ་ཧྲིལ་པོའི་གནམ་དཔྱད་ལྟ་དཔྱད་ས་ཚིགས་ཡག་ཤོས་ཀྱི་གྲས་ཤིག་རེད།
2018ལོར་བོད་ལྗོངས་མངའ་རིས་དང་ནག་ཆུའི་མཚན་མོའི་མཁའ་དབྱིངས་སྲུང་སྐྱོང་ཁུལ“འཛམ་གླིང་མཚན་མོའི་སྲུང་སྐྱོང་ཁུལ་གྱི་མིང་གཞུང”དུ་དངོས་སུ་བཅུག་ནས། རང་རྒྱལ་གྱི་རྒྱལ་སྤྱིའི་རྩ་འཛུགས་ཀྱི་ཁས་ལེན་ཐོབ་པའི་མཚན་མོའི་སྲུང་སྐྱོང་ཁུལ་ཐོག་མར་གྱུར་ཡོད།
ཡུལ་སྐོར་བ་དེ་བས་མང་བར་མཛེས་སྡུག་ལྡན་པའི་མཚན་ལྗོངས་མྱོང་རོལ་ཐུབ་ཆེད། མངའ་རིས་ས་ཁུལ་སྲིད་གཞུང་གིས་མཚན་མོའི་སྤྱི་གླིང་དང་གནམ་དཔྱད་ཐང་ཆེན་བསྐྲུན་ཡོད། སེང་གེ་ཁ་འབབ་གྲོང་རྡལ་ནས་རླངས་འཁོར་ལ་བསྡད་དེ་ཆུ་ཚོད་ཕྱེད་ཀ་ཙམ་གྱི་སར་བསྐྱོད་ཚེ་མཚན་མོའི་སྤྱི་གླིང་དུ་སླེབས་ཀྱི་ཡོད། དེར་སྐར་ཚོགས་ཉམས་ལེན་ཁང་དང་། རྒྱང་ཤེལ་ལྟ་དཔྱད་ཁུལ། འགྲུལ་པའི་ཞབས་འདེགས་ཁུལ་བཅས་ཡོད།
1980ལོར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དང་པོ་དང་། 1981ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་ཡུལ་སྐོར་ལས་དོན་ཚོགས་འདུ་ཐེངས་དང་པོ་འཚོགས་རྗེས། བོད་ཀྱི་ཡུལ་སྐོར་ལས་རིགས་དངོས་སུ་དར་འགོ་ཚུགས། 2006ལོར་ཡུལ་སྐོར་ལས་རིགས་བོད་ཀྱི“ཐོན་ལས་གསུམ་པ་འཕེལ་རྒྱས་ཤུགས་ཆེན་གཏོང་བའི”སྣེ་འདྲེན་ཐོན་ལས་སུ་གཏན་འཁེལ་བྱས་ཡོད། མཚོ་བོད་ལྕགས་ལམ་བསྐྲུན་ནས་མེ་འཁོར་ཤར་གཏོང་ཐུབ་པ་དང་ཉིང་ཁྲིའི་སྨན་གླིང་གནམ་ཐང་ཤར་གཏོང་ཐུབ་ནས་ཡུལ་སྐོར་ལས་རིགས་སྔར་བས་འཕེལ་རྒྱས་ཕྱིན་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ཀྱིས་རིམ་རྩིས་བྱས་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་15763.26ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་2125.96བྱུང་བ“ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཚུངས་ཀྱི་ལྡབ་2.3དང་ལྡབ་2.4སོ་སོར་ཟིན་ཡོད།
ལོ་70ཡི་རིང་། གངས་ལྗོངས་ས་མཐོར་ལོ་ངོ་སྟོང་གི་མཆོང་སྐྱོད་ཀྱི་མི་ཡུལ་གྱི་བྱས་རྗེས་ངོ་མཚར་ཅན་བཏོད་ཡོད། སྤྱི་ཚོགས་ལམ་ལུགས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ་དང་། མི་དམངས་ཀྱི་འཚོ་བ་ཧ་ཅང་ལེགས་སུ་ཕྱིན་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་བ། ལོ་རྒྱུས་མདུན་སྐྱོད་ཀྱི་འཁོར་ལོ་བོད་དུ་འཁོར་ཡང་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་འགྱུར་ལྡོག་བྱུང་མེད་པ་སྟེ། ལོ་ངོ་སྟོང་གི་གངས་རི་འགྱིང་ངེར་གནས་པ་དང་གཙང་པོ་སྔར་བཞིན་ལང་ལོང་དུ་རྒྱུག་བཞིན་ཡོད་པས། བོད་ནི་སྔར་བཞིན་འཛམ་གླིང་གི་ཁོར་ཡུག་སྤུས་ཚད་ལེགས་ཤོས་ཀྱི་ས་ཁུལ་གྲས་ཤིག་རེད།