དབུ་ཤོག>ཆེད་སྒྲིག
  • མང་ཚོགས་ཀྱི་སྣེ་ཁྲིད་ནས་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-08-27

    གཞིས་རྩེ་གྲོང་ཁྱེར་ནས་རྒྱལ་ལམ་318བརྒྱུད་ནུབ་ངོས་སུ་ཆུ་ཚོད་ཕྱེད་ཀ་ཙམ་བསྐྱོད་རྗེས་སྣར་ཐང་གྲོང་ཚོར་སླེབས་ཀྱི་ཡོད། སྣར་ཐང་གྲོང་ཚོའི་གྲོང་མི་ཚང་མས་བཀྲ་ཤིས་དབང་འདུས་མི་ཡག་པོ་ཞིག་རེད་ཅེས་བརྗོད་ཀྱི་ཡོད། གང་ལགས་ཤེ་ན། ཁོང་གི་སྣེ་ཁྲིད་འོག་གྲོང་མིས་སེམས་ནུས་གཅིག་ཏུ་བསྒྲིལ་ཏེ་མཉམ་དུ་ཕྱུག་འགྱུར་གྱི་ལམ་བུར་བསྐྱོད་པས་རེད།

    1982ལོའི་ཟླ་6པར་བཀྲ་ཤིས་དབང་འདུས་སྣར་ཐང་གྲོང་ཚོའི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས། 2001ལོའི་ཟླ་6པར་གཞིས་རྩེ་གྲོང་ཁྱེར་ལས་རིགས་ལས་རྩལ་སློབ་གྲྭའི་ཞིང་ལས་ཆེད་ལས་ཐོན་རྗེས་བསམ་གྲུབ་རྩེ་ཆུས་ཆུ་མིག་ཤང་སྲིད་གཞུང་གི་གླ་པ་ཞིག་བྱས་ཏེ་ཞིང་སྨན་དང་སོན་བཟང་སྤྲོད་མཁན་གྱི་ལས་ཀ་བྱས། ལོ་གཅིག་དང་ལོ་ཕྱེད་སོང་རྗེས་བཀྲ་ཤིས་དབང་འདུས་ཀྱིས་རང་ཉིད་ཤང་སྲིད་གཞུང་གི་ལས་ཀ་བྱ་རྒྱུར་འཚམ་པོ་མེད་པ་ཤེས་རྗེས་ལས་དགོངས་ཞུས་ནས་ལྷ་སའི་ས་ཁང་ཐོན་ལས་ཀུང་སི་ཞིག་ལ་རྩིས་པ་བྱས། དེར་ཁོང་གིས་ལོ་དྲུག་ལས་ཀ་བྱས་ནས་ནོར་དོན་དང་རྩིས་གཉེར་གྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་བསགས།

    2009ལོའི་ཟླ་8པར་བཀྲ་ཤིས་དབང་འདུས་ཀྱིས་རང་ཉིད་ཀྱི་ཨར་ལས་རུ་ཁག་གཅིག་བཙུགས་ནས་ཆུ་ཡུར་དང་ཆུ་རགས་ཉམས་བཟོ་སོགས་ཀྱི་རྣམ་གྲངས་ཁག་གཅིག་འགན་གཙང་བླངས། ལོ་ཤས་རིང་བཀྲ་ཤིས་དབང་འདུས་ཀྱིས་རང་ཉིད་ཀྱི་རྩ་དོན་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས་ཉེ་འཁོར་གྱི་ཞིང་འབྲོག་པ་སྒྲིག་འཛུགས་བྱས་ཏེ་ལས་གྲྭ་ཁག་ཏུ་ཨར་ལས་བྱས། ཁོང་གིས་ལས་བཟོ་ཚོར་གླ་ཆ་འགྱངས་ཆད་རྩ་བ་ནས་བྱེད་མྱོང་མེད་ལ་ཞིང་འབྲོག་པ་ཚོར་ལས་ཀ་བརྟན་པོ་ཞིག་ཡོང་ཐབས་བྱེད་ཀྱི་ཡོད་པས། མང་ཚོགས་མང་པོའི་ཡིད་ཆེས་ཐོབ་ནས་ཁོང་གི་སར་ལས་ཀ་བྱེད་འདོད་བྱེད་ཀྱི་ཡོད། ཨར་ལས་རུ་ཁག་གི་ཚོང་ཡག་ཏུ་འགྲོ་བ་དང་སྦྲགས་ཁྱིམ་གྱི་འཚོ་བའང་ཡག་ཏུ་སོང་ཡོད།

    2017ལོའི་སྣར་ཐང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་སྐབས་བརྗེའི་རིང་མང་ཚོགས་ཀྱིས་བློས་འགེལ་ཆོག་པ་དང་ཕྱུག་འགྱུར་གྱི་འཇོན་ཐང་ཆེ་བའི་ཁོང་གྲོང་ཚོའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལ་འོས་སྦྱོར་བྱས། ཕྱོགས་གཅིག་ནས་ཁོང་རང་ཉིད་ཀྱི་ཨར་ལས་རུ་ཁག་ལ་འཕེལ་རྒྱས་ཀྱི་རེ་བ་ཆེན་པོ་ལྡན་པ་དང་། ཕྱོགས་གཞན་ཞིག་ནས་མང་ཚོགས་ཀྱིས་ཁོང་གྲོང་ཚོའི་ཀྲུའུ་རེན་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་པས་གདམ་ག་ཇི་ལྟར་བྱེད་པར་དཀའ་ངལ་འཕྲད། བསམ་བློ་ཞིབ་པར་བཏང་རྗེས་ཁོང་གིས་མང་ཚོགས་ཀྱི་འོས་སྦྱོར་ལྟར་སྣར་ཐང་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གྱི་འགན་ཁུར། “ངས་ཡུལ་མི་ཚོའི་ཆེད་དུ་བྱ་བ་དངོས་བསྒྲུབས་ནས་ཚང་མ་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་སྐྱེལ་ཐུབ་པ་བྱེད་ཀྱི་ཡིན”ཞེས་བཀྲ་ཤིས་དབང་འདུས་ཀྱིས་དྲན་གསོ་བྱེད་བཞིན་དུ་བཤད།

    “ལས་ཀ་གང་ནས་འགོ་ཚུགས་དགོས་པའི་ཐད”བཀྲ་ཤིས་དབང་འདུས་ཀྱིས་བསམ་བློ་ཐེངས་མང་བཏང་མཐར་མཉམ་ལས་ཁང་ནས་ལས་འགོ་བཙུགས་ཤིང་། 2015ལོར་བསམ་གྲུབ་རྩེ་ཆུས་ཆུ་མིག་ཤང་སྣར་ཐང་པད་ཁ་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་ཐོ་འགོད་བྱས། འོན་ཀྱང་རྒྱུ་རྐྱེན་མང་པོའི་དབང་གིས་མཉམ་ལས་ཁང་གཉེར་སྐྱོང་ཡག་པོ་བྱུང་མེད།

    2019ལོར་གཞིས་རྩེ་གྲོང་ཁྱེར་གྱི་གཞི་རིམ་ཏང་འཛུགས་སྐྱོང་གི་བྱ་བ་དངོས་བཅུ་གཉིས་སྒྲུབ་རིང་བཀྲ་ཤིས་དབང་འདུས་ཀྱིས“གྲོང་ཚོ་རིམ་པའི་དཔལ་འབྱོར་རྩ་འཛུགས་ཚང་མར་ཁྱབ་རྒྱུར་སྐུལ་འདེད་གཏོང་བ”གོ་སྐབས་སུ་བྱས་ནས་གྲོང་ཚོ་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་71སྒྲིག་འཛུགས་ཀྱིས་ཐོན་ལས་ཀྱི་ཁེ་སྤོགས་མ་དངུལ་སྒོར་ཁྲི་19.7མ་རྐང་ནང་བཞག་ནས་མཉམ་ལས་ཁང་སྟོབས་ཆེ་རུ་བཏང་སྟེ་མཉམ་ལས་ཁང་གཉེར་སྐྱོང་ཐུབ་པའི་འགན་ལེན་བྱས།

    2020ལོར་བཀྲ་ཤིས་དབང་འདུས་ཀྱིས་ཤང་ཏང་ཨུད་དང་སྲིད་གཞུང་དང་འབྲེལ་གཏུག་ཧུར་ཐག་བྱས་ནས་བསམ་གྲུབ་རྩེ་ཆུས་ཀྱི་འབྲེལ་ཡོད་སྡེ་ཚན་ནས་ཞིང་འབྲེལ་མ་དངུལ་སྒོར་ཁྲི་20དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་འདེགས་སྐྱོར་མ་དངུལ་སྒོར་ཁྲི་50དང་དེ་བཞིན་རྨང་བརྟན་དམངས་ཕན་ཁག་དགུ་པའི་མ་དངུལ་ཁག་གཅིག་བརྩོན་ལེན་བྱས་ཏེ་པད་ཁ་འདེབས་འཛུགས་དང་འཕྲུལ་ཆས་ཉོ་སྒྲུབ་བྱས་པས། མཉམ་ལས་ཁང་འཁོར་སྐྱོད་ཡག་པོ་བྱུང་ནས་གཉེར་སྐྱོང་ཡོང་འབབ་གསོག་འགོ་ཚུགས།

    གོང་རིམ་གྱི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ནས་མ་གནས་གྲོན་ཆུང་ཡག་པོ་བྱས་ཏེ་མཉམ་ལས་ཁང་འཕེལ་རྒྱས་དང་སྟོབས་ཆེར་གཏོང་ཆེད། བཀྲ་ཤིས་དབང་འདུས་ཀྱིས་པད་ཁ་འདེབས་འཛུགས་དང་། འབྲུ་སྣུམ་ལས་སྣོན། སྐྱེ་ཁམས། ངལ་ནུས་ཕྱིར་གཏོང་བཅས་མཉམ་ལས་ཁང་བཞི་བསམ་གྲུབ་རྩེ་ཆུས་ཆུ་མིག་ཤང་སྣར་ཐང་དེང་རབས་ཞིང་འབྲོག་ལས་འཕེལ་རྒྱས་ཆེད་ལས་མཉམ་ལས་ཁང་ལ་ཟླ་སྒྲིལ་བཏང་།

    མིག་སྔར་མཉམ་ལས་ཁང་དེར་ཚད་གཞི་མཐོ་བའི་ས་ཞིང་མུའུ་4000དང་། ཞིང་ལས་འཕྲུལ་ཆས་2 འདྲུད་འཐེན་འཕྲུལ་འཁོར་ཆེ་གྲས་3 མཉམ་འབྲེལ་བརྔ་བསྡུའི་འཕྲུལ་འཁོར་3 ཐུམ་སྒྲིལ་འཕྲུལ་འཁོར་1 ལུད་རྒྱག་འཕྲུལ་འཁོར་1བཅས་ཡོད་པ་རེད།

    མཉམ་ལས་ཁང་བཙུགས་པས་སྣར་ཐང་གྲོང་ཚོའི་ཞིང་ལས་རྨོན་མཛོ་ནས་འཕྲུལ་ཆས་ཅན་ལ་འགྱུར་ལྡོག་བྱུང་བ་དང་། ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ལས་ཕྱོད་དང་སྤུས་ཚད་མཐོ་རུ་སོང་བ། སོན་གྲོན་ཆུང་ཐུབ་ནས་སོན་འདེབས་བརྒྱུད་རིམ་ཧྲིལ་པོ་ཚན་རིག་དང་མཐུན་པ་དང་། གནད་ལ་འཁེལ་བ། བཀོལ་སྤྱོད་སྟབས་བདེ་བཅས་བྱུང་ཡོད། དེ་དང་དུས་མཚུངས་ས་ཞིང་ཁོ་ན་འདེབས་པ་གཙོ་བོར་བྱེད་པའི་ངལ་ནུས་ལ་བཅིངས་འགྲོལ་བཏང་བས། འདེབས་འཛུགས་དང་གསོ་ཚགས་ལས་རིགས་དང་། ཞིང་ལས་ཐོན་རྫས་ལས་སྣོན་ལས་རིགས། ཕྱིར་གླ་པ་རྒྱུག་པ་བཅས་ཀྱི་ཚང་མའི་སེམས་ནུས་དེ་བས་ཆེ་རུ་སོང་ནས་གྲོང་གསེབ་ཀྱི་ཐོན་ལས་ལེགས་སྒྲིག་དང་འབབ་འཕར་ལ་སྐུལ་འདེད་བཏང་ཡོད།

    2020ལོར་བསམ་གྲུབ་རྩེ་ཆུས་ཆུ་མིག་ཤང་སྣར་ཐང་དེང་རབས་ཞིང་འབྲོག་ལས་འཕེལ་རྒྱས་ཆེད་ལས་མཉམ་ལས་ཁང་གིས་གྲོང་ཚོ་ཡོངས་ཀྱི་དུད་ཚང་127ལ་གཟན་རྩྭ་རྩྭ་རས(དངུལ་སྨར་ལ་ཕབ་ན་སྒོར་687844ཟིན་པ)13462སྤྲད་པ་དང་ཁེ་སྤོགས་སྒོར་19710བགོ་འགྲེམས་བརྒྱབ།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།