དོན་གྲུབ་དེ་སྔོན་འབྲི་རུ་རྫོང་ཚ་ཆུ་ཤང་ཀོ་སྣ་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཞིག་ཡིན་པ་དང་ད་ལྟ་ལོ་40སླེབས་པའི་ཁོང་གི་མིག་ཤེད་ཧ་ལམ་ཉམས་ཡོད་པ་རེད། ཁོང་གི་ལས་གཏོད་ལམ་བུ་དང་ད་ལྟའི་འཚོ་བའི་སྐོར་གླེང་སྐབས་དོན་གྲུབ་ཀྱི་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར།
དོན་གྲུབ་ཆུང་དུས་ནས་མིག་ཤེད་ཡག་པོ་མེད་རུང་། ཁོང་གིས“ཤེས་བྱས་ལས་དབང་ལ་འགྱུར་ལྡོག་གཏོང་ཐུབ་པའི”གནས་ལུགས་གསལ་པོ་ཤེས་ཀྱི་ཡོད་པས། བོད་ཡིག་རང་སྦྱོང་བྱས་ནས་འབྲིང་རིམ་ཆེད་ལས་སློབ་གྲྭར་བོད་ཀྱི་གསོ་བ་རིག་པའི་རྨང་གཞིའི་ཤེས་བྱ་སྦྱངས་པ་རེད།
2011ལོར་དོན་གྲུབ་འབྲིང་རིམ་ཆེད་ལས་ནས་སློབ་གྲྭ་ཐོན་རྗེས་འབྲི་རུ་རྫོང་ཚ་ཆུ་ཤང་ཀོ་སྣ་གྲོང་ཚོར་ལོ་བཞི་གྲོང་ཚོའི་སྨན་པ་བྱས་ནས་ཕ་ཡུལ་གྱི་མི་དམངས་ལ་གཞི་རྩའི་སྨན་བཅོས་ཞབས་ཞུ་བྱས།
2015ལོའི་ལོ་འགོར་དོན་གྲུབ་ཀྱིས་གྲོང་ཚོའི“གཉིས་ལྡན་དུད་སྦྲེལ”གྱི་སྤྱི་མི་བྱས་པ་རེད།
2015ལོའི་ལོ་མཇུག་ཏུ་དེབ་ལྟ་མང་དྲགས་པའི་རྐྱེན་གྱིས་དོན་གྲུབ་ཀྱི་མིག་ཤེད་སྡུག་ཏུ་ཕྱིན་ནས་སྨན་བཅོས་ཀྱི་གོ་སྐབས་ཡག་ཤོས་ཤོར་ཏེ་གྲོང་ཚོའི་སྨན་པ་དང་སྤྱི་མི་བྱེད་ཐབས་བྲལ་ལ། ཕྲུ་གུར་ཡང་དེ་བས་ལྟ་རྟོག་བྱེད་ཐབས་བྲལ་བས། ཁོང་གི་ངོས་ནས་བརྗོད་ན་ཕོག་ཐུག་ཆེན་པོ་ཞིག་རེད།
བར་ཆད་བསྟུད་མར་བྱུང་རྗེས་ཁོང་ལ་གཞི་ནས་རེ་བ་ཞིག་རྙེད་ཅིང་། 2016ལོར་རྒྱལ་ཡོངས་སུ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཕྱོགས་ཡོངས་ནས་རྒྱག་འགོ་ཚུགས་ནས་རྒྱལ་ཁབ་ཀྱིས་དུད་ཚང་དབུལ་པོར་སྐུལ་ལྕག་བྱེད་པའི་དབུལ་སྒྲོལ་ཕྱུག་འགྱུར་གྱི་སྲིད་ཇུས་མང་པོ་བཏོན་ཏེ་མང་ཚོགས་ཀྱི་དབུལ་སྒྲོལ་ཕྱུག་འགྱུར་གྱི་ནང་གནས་སྒུལ་ཤུགས་ཟམ་མི་ཆད་པར་འཕེལ་བར་བྱས་ཡོད། སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ནང་མིའི་སྐུལ་ལྕག་འོག་དོན་གྲུབ་ལ་སླར་ཡང་ངར་ཤུགས་བསྐྱེད་ནས་ལས་གཏོད་ལམ་བུའི་ཐོག་སྐྱོད་འགོ་ཚུགས།
2016ལོར་ཁོང་གིས་མིག་ཤེད་ཡག་པོ་མེད་པའི་དཀའ་ངལ་མང་པོ་ཁྱད་བསད་བྱས་ནས་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་གཞན་ཞིག་དང་མཉམ་དུ་མ་དངུལ་སྒོར་ཁྲི་8གྲབས་གསོག་བྱས་ཏེ་རྫོང་གྲོང་དུ་འཚོ་བའི་མཁོ་ཆས་ཚོང་ཁང་ཆུང་ཆུང་ཞིག་བཙུགས་པ་རེད། ཚོང་ཁང་ཆུང་ཆུང་དེར་མ་གཞི་ཁེ་བཟང་ཆེན་པོ་མེད་རུང་། ཁོ་ཚོའི་འཚོ་བའི་འགྲོ་སོང་འགན་ལེན་ཐུབ་ཀྱི་ཡོད་པ་རེད།
2019ལོའི་11པར། ཚོང་ཁང་ཆུང་ཆུང་དེའི་བསྐྱར་དུ་མི་གཉིས་མ་རྐང་ནང་ཞུགས་པས། ཚོང་ཁང་གི་རྒྱ་ཁྱོན་ཡང་དེ་སྔའི་སྨི་ངོས་གྲུ་30ནས་ད་ལྟའི་སྨི་ངོས་གྲུ་380བར་ཆེ་རུ་ཕྱིན་ཡོད་ལ། ཐོ་འགོད་མ་དངུལ་ཡང་སྒོར་ཁྲི་160ཟིན་ནས་བོད་ལྗོངས་མི་དགའ་རང་ཡག་འགན་འཁྲི་ཚད་ཡོད་ཀུང་སི་བཙུགས་པ་རེད། ཀུང་སིའི་ཅ་དངོས་སྣ་ཁ་འཛོམས་པ་དང་ཁེ་བཟང་ཡང་ཡག་པོ་ཡོད་པས་ཟླ་རེར་དུད་ཚང་རེར་སྒོར་3000གི་ཟླ་ཕོགས་ཡོད་པ་ཕུད་ད་དུང་ལོ་མཇུག་ཏུ་དུད་ཚང་རེར་ཡོང་འབབ་སྒོར་ཁྲི་6ལེན་རྒྱུ་ཡོད་པར་བརྟེན་དོན་གྲུབ་དང་ཁོང་གི་རོགས་ཟླའི་དབུལ་ཞྭ་བདེ་བླག་ངང་ཕུད་ཐུབ་པ་རེད།
དག་རྫས་འཚོང་བའི་སྐབས་ནས་དོན་གྲུབ་ལ་རང་ཉིད་ཀྱི་སྤུས་རྟགས་གཏོད་པའི་བསམ་ཚུལ་ཡོད་པ་རེད། “ལོ་མང་སྡེབ་ཚོང་ཚོང་པ་དང་འབྲེལ་གཏུག་བྱས་པ་བརྒྱུད། གལ་ཏེ་ང་ཚོ་རང་ཉིད་ཀྱིས་ཆེད་ལས་ཚོགས་པ་བཙུགས་ནས་བོད་བྱང་ཐང་ས་ཁུལ་ལ་འཚམ་པའི་དག་ཕྱེ་ཞིབ་སྤེལ་བྱེད་ཐུབ་ན། མ་གནས་ཆུང་དུ་གཏོང་ཐུབ། དེ་ནས་ཁེ་བཟང་དེ་བས་མང་བ་ཞིང་འབྲོག་མང་ཚོགས་ལ་སྤྲད་དེ་མང་ཚོགས་ལ་ཕན་པ་དེ་བས་ཆེ་བ་ཐོབ་ཐུབ་ལ་ང་ཚོར་ཡང་ཁེ་བཟང་དེ་བས་མང་པོ་ཡོང་ཐུབ། འདི་ལྟར་བྱས་ཚེ་སྤུས་རྟགས་དེ་བས་རྒྱ་སྟོབས་ཆེ་རུ་འགྲོ་ཐུབ་པ་མ་ཟད། ཤང་གི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ངལ་རྩོལ་ནུས་ཤུགས་ཐག་ཉེ་སར་ལས་ཞུགས་བྱེད་ཐུབ”ཅེས་དོན་གྲུབ་ཀྱིས་བཤད།
ཕྱོགས་མང་པོ་ནས་བརྟག་ཞིབ་བྱས་པ་བརྒྱུད། དོན་གྲུབ་ཀྱི་བསམ་ཚུལ་དེ་རིམ་གྱིས་འཐུས་སྒོ་ཚང་དུ་ཕྱིན་ཡོད། 2020ལོའི་ཟླ་12པར་དོན་གྲུབ་ཀྱིས་མི་དགའ་རང་ཡག་གི་ལས་གཏོད་ཚོགས་པའི་རུ་སྣེ་ཁྲིད་དེ་ལོ་མང་རིང་དག་རྫས་ལ་ཤེས་རྟོགས་དང་དེ་བཞིན་ཁྲོམ་རའི་དགོས་མཁོར་རྒྱུས་མངའ་ཡོད་པར་བརྟེན་ནས“MIGARIYA”གི་དག་ཕྱེའི་སྤུས་རྟགས་བཏོད་པ་དང་སྦྲགས་སྤུས་རྟགས་དེའི་དག་ཕྱེའི་ཐོན་སྐྱེད་དབང་ཆ་ཏུང་ཀོན་གྲོང་ཁྱེར་གྱི་དག་རྫས་ཚད་ཡོད་ཀུང་སི་ཞིག་ལ་སྤྲད་ནས་ཐོན་སྐྱེད་འབོར་ཆེན་བྱས་པ་རེད།