“ད་ཆའི་མོན་སྟོད་གྲོང་ཚོའི་འགྲིམ་འགྲུལ་སྟབས་བདེ་ཞིང་གནས་སྡོད་ཁོར་ཡུག་མཛེས་པའི་ཁར། སློབ་གྲྭའི་དགེ་རྒན་གྱི་དཔུང་ཁག་ཀྱང་སྟོབས་ཆེན་པོ་ཡོད་པས། འབྱུང་འགྱུར་གྲོང་ཚོ་འཕེལ་རྒྱས་སྔར་བས་ཡག་པོ་ཡོང་བ་དང་། མང་ཚོགས་ཀྱི་འཚོ་བ་སྔར་བས་ལེགས་སུ་འགྲོ་བར་ཡིད་ཆེས་ཡོད”ཅེས་མོན་སྟོད་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་རྒྱ་མཚོས་བཤད།
ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ཡན་ཟིན་པའི་མོན་སྟོད་གྲོང་ཚོ་ནི་སྟོད་ལུང་བདེ་ཆེན་ཆུས་བདེ་ཆེན་གྲོང་རྡལ་བྱང་ངོས་ཀྱི་སྤྱི་ལེ་སུམ་ཅུའི་སར་གནས་པ་དང་། དེའི་ཁོངས་སུ་གྲོང་མིའི་ཚོགས་ཆུང་4ཡོད་པ་ཚང་མར་རྨོ་ཞིང་གཅིག་ཀྱང་མེད་པར་འབྲོག་ལས་རྐྱང་པ་གཉེར་གྱི་ཡོད་པ་རེད།
དེ་གའི་ས་བབ་མཐོ་ཞིང་གནམ་གཤིས་ཞན་ལ་འཐུང་ཆུ་འགན་ལེན་བྱེད་ཐབས་བྲལ་བ་དང་། སློབ་གསོའི་ཐོན་ཁུངས་དཀོན་ཞིང་སྡོད་ཁང་གི་ཆ་རྐྱེན་ཡང་ཞན་པས་འབྲོག་པ་མང་ཚོགས་ཀྱི་འཚོ་བར་དཀའ་ངལ་ཆེན་པོ་ཡོད་པ་རེད།
2017ལོ་ནས་བཟུང་། མོན་སྟོད་གྲོང་ཚོས་ས་བབ་མཐོ་ཚད་སྨི་4500ཡན་གྱི་ས་ཁུལ་སྐྱེ་ཁམས་གནས་སྤོ་བྱ་རྒྱུའི་སྐོར་གྱི་གོང་རིམ་གྱི་ལས་འགན་དང་ལེན་ཧུར་ཐག་ཞུས་ཏེ། 2019ལོའི་ཟླ་དགུ་པ་དང་2020ལོའི་ཟླ་བཅུ་གཉིས་པར་ཁག་གཉིས་ལ་དབྱེ་ནས་ས་བབ་མཐོ་བའི་སྐྱེ་ཁམས་གྲོང་ཚོ་ཧྲིལ་པོ་གནས་སྤོ་བྱས་ཏེ། གནས་སྤོས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ནུས་ལྡན་བཏང་བ་རེད། དེ་དང་ཆབས་ཅིག པེ་ཅིང་གི་བོད་སྐྱོར་རྣམ་གྲངས་ལག་བསྟར་ཤུགས་ཆེན་བྱས་པ་དང་བསྟུན་ནས་སྔ་རྗེས་སུ་མ་དངུལ་སྒོར་ཁྲི་2900ལྷག་ཙམ་བཏང་ནས་འབྱོར་འབྲིང་བདེ་སྡོད་ལས་གྲྭའི་ཞོར་གཏོགས་སྒྲིག་བཀོད་དང་། གཞི་རིམ་གྱི་རྩ་འཛུགས་སྲིད་དབང་། གཞི་རིམ་གྱི་བསམ་པའི་རིག་གནས་སོགས་ཀྱི་བོད་སྐྱོར་རྣམ་གྲངས་ལག་བསྟར་བྱས་པ་རེད།
ད་ཆའི་མོན་སྟོད་གྲོང་ཚོའི་སྡོད་ཁང་དང་། སྨན་བཅོས། སློབ་གསོ། འཐུང་ཆུ། འགྲིམ་འགྲུལ་སོགས་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ནས། ཞིང་འབྲོག་མང་ཚོགས་ཚང་མ་ཨར་འདམ་ལྕགས་རྩིབས་མའི་ཐོག་སོ་ཉིས་བརྩེགས་ཁང་པར་སྡོད་རྒྱུ་བྱུང་བ་མ་ཟད། ད་དུང་ཁུལ་ཆུང་འཕྲོད་བསྟེན་ཁང་གི་སྨན་དོན་མི་སྣ་བཀོད་སྒྲིག་དང་སྨན་རྫས་གྲབས་གསོག་བྱེད་པའི་ཐད་ལའང་ཡར་རྒྱས་ཆེན་པོ་བྱུང་ཡོད་པས། ཞིང་འབྲོག་མང་ཚོགས་ཀྱིས་སྨན་བཅོས་དེ་བས་བྱེད་བདེ་པོ་བྱུང་ནས་ནད་གཞི་ཆུང་གྲས་རིགས་སྨན་བཅོས་བྱེད་པར་གྲོང་ཚོ་ནས་ཐོན་མི་དགོས་པ་བྱུང་ཡོད། མོན་སྟོད་བུ་བཅོལ་ཁང་གི་སློབ་ཁང་ཡངས་ཤིང་དཀར་ཆ་དོད་ལ་སློབ་ཁྲིད་སྒྲིག་ཆས་ཆ་ཚང་བའི་ཁར་སློབ་ཁྲིད་ཐོག་ཁང་དུ་ད་དུང་བརྒྱུད་ལམ་སྣེ་མང་སློབ་ཁང་དང་སློབ་མའི་ཕྱོགས་བསྡུས་སྤྲོ་གསེང་བྱེད་སྒོ་ཁང་སོགས་ཀྱི་ཕན་ནུས་ཁུལ་ཡང་བཙུགས་ཡོད་པ་རེད། དེས་མ་ཟད་ད་དུང་དགེ་རྒན་གྱི་སྟོབས་ཤུགས་ཀྱང་ཆེ་རུ་བཏང་བས། སློབ་ཞུགས་སློབ་མའི་གྲངས་འབོར་དེ་སྔའི་30ཡས་མས་ནས་120ཡས་མས་བར་འཕར་ཡོད། ཞིང་འབྲོག་མང་ཚོགས་ཚང་མའི་ཁྱིམ་དུ་ཆུ་ཀ་ལ་ཤར་གཏོང་བྱས་ཡོད། 2021ལོར་སྟོད་ལུང་བདེ་ཆེན་ཆུས་ཀྱི་བོད་སྐྱོར་རྣམ་གྲངས་ལས་དོན་སྐུལ་སྤེལ་ཚོགས་འདུའི་ཐོག་གཏན་འཁེལ་བའི་མོན་སྟོད་གྲོང་ཚོའི་བདེ་ཐང་འཐུང་ཆུའི་རྣམ་གྲངས་ད་ཆ་བེད་སྤྱོད་གཏོང་འགོ་ཚུགས་ཡོད་པ་རེད།
“ང་ཚོས་ཏང་གི་དམངས་ཕན་སྲིད་ཇུས་སྣེ་ཁྲིད་དུ་བྱེད་པ་དང་། ས་གནས་རང་གི་ཁྱད་ལྡན་ཐོན་ཁུངས་ནང་དོན་དུ་བྱེད་པ། གྲོང་ཚོ་ཧྲིལ་པོ་གནས་སྤོ་བྱེད་པའི་གོ་སྐབས་དམ་འཛིན་བྱ་གཞིར་བྱེད་པ། པེ་ཅིང་གི་བོད་སྐྱོར་ལས་དོན་གོ་སྐབས་སུ་བྱེད་པ་བཅས་བྱས་ཏེ་ལོ་རྒྱུས་དང་རིག་གནས་ཀྱི་ཐོན་ཁུངས་སྔོག་འདོན་གང་ལེགས་བྱེད་པ་དང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་བ། མང་ཚོགས་ཀྱི་བསམ་ཕྱོགས་སྒྱུར་བ། མོན་སྟོད་འབྲོག་ལས་མཉམ་ལས་ཁང་སྟོབས་ཆེར་གཏོང་བ་བཅས་ས་བབ་མཐོ་བའི་གྲོང་ཚོ་ཧྲིལ་པོ་གནས་སྤོ་བྱེད་པའི་དཔེ་སྟོན་གྲོང་ཚོ་ནུས་ཤུགས་ཡོད་རྒུས་གཏོད་རྒྱུ་ཡིན”ཞེས་རྒྱ་མཚོས་གསར་འགོད་པར་བཤད་པ་རེད།