1999ལོར་བཙུགས་པའི་ཁྲེང་ཀོན་ཆུས་ཀུན་བདེ་གླིང་ཁྲོམ་གཞུང་བདེ་སྐྱིད་སྡེ་ཁུལ་ནི་ཁྲེང་ཀོན་ཆུས་ཀྱི་ཁག་ཐེངས་མཇུག་ཤོས་ཀྱི་རང་བཙུགས་ཁུལ་ཆུང་ཞིག་ཡིན་པ་དང་། སྡེ་ཁུལ་དུ་ལོ་60ཡན་གྱི་རྒན་རྒོན་གྱིས་རྒྱུན་སྡོད་མི་འབོར་གྱི་60%བཟུང་ཡོད།
ལོ་མང་རིང་བདེ་སྐྱིད་སྡེ་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་ཏང་འཛུགས་སྐྱོང་ཁྲིད་སྟོན་དུ་བྱས་ཏེ་སྡེ་ཁུལ་གྱི་ཏང་འཛུགས་སྐྱོང་ལས་དོན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་དང་། ཏང་འཛུགས་སྐྱོང་གིས་མང་ཚོགས་ལ་ཞབས་འདེགས་ཞུ་བའི“འགན་ལེན་གསུམ”གྱི་ལས་དོན་སྒྲུབ་སྟངས་བཏོད་པ། ལྗོངས་ཡོངས་ཀྱི་ཁྱིམ་སྡོད་རྒན་གསོའི་ཞབས་ཞུའི་ས་ཚིགས་དང་པོ་བསྐྲུན་པ་བཅས་ལ་རྒྱ་ཆེའི་གྲོང་མི་མང་ཚོགས་ཀྱི་ཁས་ལེན་གང་ལེགས་ཐོབ་ཡོད།
“ཁྱིམ་གྱི་སྒོ་འགྲམ”གྱི་རྒན་གསོའི་ཞབས་ཞུའི་ས་ཚིགས་དེར་རྒྱ་ཁྱོན་སྨི་ངོས་གྲུ་300ཡོད་ཅིང་། རྒན་རྒོན་གྱི་ཟ་ཁང་དང་། ཇ་ཁང་། ནད་བརྟག་སྨན་བཅོས་ཁང་། དངོས་ཁམས་གསོ་བཅོས་ཁང་། སྨན་རྫས་འཁྲུད་ཁང་། དགེ་སྒྲུབ་སྒོ་རྩིས་ཚོང་ཁང་སོགས་བཙུགས་ཡོད། ཞབས་ཞུའི་ས་ཚིགས་དེས་རྒན་རྒོན་ཚོར་ཁྱིམ་སྡོད་རྒན་གསོ་དང་ཉིན་མོའི་ལྟ་རྟོག་སོགས་ཀྱི་ཞབས་འདེགས་ཞུ་བ་མ་ཟད། ད་དུང་སྨན་བཅོས་འཕྲོད་སྦྱོར་དང་། ནད་གཡོག ཁྱིམ་ལས་ཞབས་འདེགས་སོགས་ཀྱང་མཁོ་འདོན་བྱེད་ཀྱི་ཡོད།
འགྲོ་སྐྱོད་སྟབས་བདེ་མེད་པའི་རྒན་རྒོན་ལ་དམིགས་ནས་ཁྱིམ་དུ་ཞབས་འདེགས་ཞུ་བར་ཡོང་གི་ཡོད་པ་རེད། ཁ་པར་བརྒྱབ་ཚེ་རྒན་རྒོན་ཚོར་ཁྱིམ་གྱི་སྒོ་རྩར་ལྟོ་ཆས་དང་། གཙང་སྦྲ། སྨན་བཅོས་སོགས“རོགས་སྐྱོར་དྲུག”གི་ཞབས་འདེགས་ཞུས་ནས་བདེ་སྐྱིད་སྡེ་ཁུལ་གྱི་ཁྱིམ་སྡོད་རྒན་གསོའི་ཞབས་ཞུའི་ས་ཚིགས་དེ་རྒན་རྒོན་ལ་རོགས་རམ་དང་རྒན་གསོའི“རྒན་རྒོན་གྱི་དགའ་ཚལ”ངོ་མ་ཞིག་ཏུ་གྱུར་ཡོད།
དབྱར་དུས་ཀྱི་ཕྱི་དྲོ་གྲོང་མི་མི་ཉུང་བ་ཞིག་བདེ་སྐྱིད་སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུའི་ས་ཚིགས་སུ་ཇ་འཐུང་བ་དང་ཁ་བརྡ་གློད་པར་ཡོང་གི་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། སྡེ་ཁུལ་དེའི་ཁྱིམ་སྡོད་རྒན་གསོའི་ཞབས་ཞུའི་ས་ཚིགས་འདི་ལོའི་ཟླ་3པར་ཚོད་ལྟའི་ངང་སྤྱོད་འགོ་ཚུགས་པ་རེད། རྒན་རྒོན་ཚོར་གཙོ་བོ་བཟའ་བཏུང་དང་། བདེ་ཐང་སྨན་བཅོས། རིག་གནས་རོལ་རྩེད་སོགས་སྙིང་ཉེ་བའི་ཞབས་འདེགས་ཞུ་བ་མ་ཟད། གྲོང་མི་ཚོར་སྤྲོ་གསེང་བྱ་ཡུལ་ཞིག་ཀྱང་བསྐྲུན་པ་རེད། རྒན་གསོའི་ཞབས་ཞུའི་ས་ཚིགས་ཀྱི་རྒན་རྒོན་གྱི་བྱེད་སྒོའི་ལྟེ་གནས་སུ་ལུས་སྦྱོང་སྒྲིག་ཆས་དང་། དཔེ་ཀློག་ཁང་། ཇ་ཁང་། མིག་མངས་ཁང་སོགས་ཡོད་པ་དང་རྒན་རྒོན་ཚོ་རྟག་ཏུ་དེར་འཛོམས་ནས་མིག་མངས་རྩེ་བ་དང་དཔེ་དེབ་ཀློག་གི་ཡོད་པས་ཧ་ཅང་སྐྱིད་སྣང་དོད་པོ་ཞིག་ཡོད།
བདེ་སྐྱིད་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་དབྱང་ཁྲའོ་ཡ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། བདེ་སྐྱིད་སྡེ་ཁུལ་གྱིས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་འོག་སྡེ་ཁུལ་གྱི་ཏང་འཛུགས་སྐྱོང་གི་དཔེ་སྟོན་རྣམ་གྲངས་གཉིས་ལག་བསྟར་ལ་སྐུལ་འདེད་ཧུར་ཐག་བཏང་བ་སྟེ། གཅིག་ནི་ཁྱིམ་སྡོད་རྒན་གསོའི་ཞབས་ཞུའི་ས་ཚིགས་བསྐྲུན་པ་དང་གཅིག་ཤོས་ནི་ཁྲོམ་གཞུང་དང་སྲང་ལམ་ཆུང་ངུ་བཅོས་སྐྱོང་བྱ་རྒྱུ་དེ་རེད།
སྡེ་ཁུལ་གྱི་དོན་དངོས་གནས་ཚུལ་གཞིར་བཟུང་། བདེ་སྐྱིད་སྡེ་ཁུལ་གྱི་ཏང་ཀྲི་པུས་སྡེ་ཁུལ་གྱི་ལས་དོན་མི་སྣ་སྒྲིག་འཛུགས་ཐེངས་མང་བྱས་ནས་བརྟག་ཞིབ་བྱས་པ་དང་། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་འོག་སྣ་མང་ཅན་གྱི་ཞབས་འདེགས་ཞུ་བ། སྤྱི་ཚོགས་ཀྱི་ཉམས་མྱོང་དཔྱད་གཞིར་འཛིན་པ་དང་མི་ཧྲེང་རྒན་རྒོན་གྱི་འཚོ་བ་སྐྱེལ་སྟངས་ལེགས་སུ་གཏོང་རྒྱུ་འགོ་འཛུགས་སར་བྱེད་པ། སྡེ་ཁུལ་གྱི་རྒན་རྒོན་ཚོའི་རྒན་གསོའི་སྣ་མང་དགོས་མཁོ་སྣ་ཚོགས་གང་ལེགས་སྐོང་བ་བཅས་རྒན་རྒོན་ཚོར་ཁྱིམ་གྱི་སྒོ་རྩ་ནས“རྒས་དུས་བརྟེན་ས་ཡོད་པ་དང་། རྒས་དུས་འཚོ་རྟེན་ཡོད་པ། རྒས་དུས་སློབ་སྦྱོང་བྱ་རྒྱུ་ཡོད་པ། རྒས་དུས་སེམས་པ་སྐྱིད་པ”བཅས་མངོན་འགྱུར་ཡོང་བར་བྱས་པ་རེད།
བདེ་སྐྱིད་སྡེ་ཁུལ་དུ་སྐྱོད་སྐབས་གཙང་སྦྲ་དོད་ལ་གྲལ་འགྲིག་པའི་སྣང་བ་ཞིག་ཡོང་གི་འདུག “ལོ་འདི་དག་ནང་ང་ཚོའི་སྡེ་ཁུལ་དུ་རླངས་འཁོར་འགག་པ་དང་རླངས་འཁོར་གང་བྱུང་དུ་འཇོག་པ་སོགས་ཀྱི་སྣང་ཚུལ་སྔ་ས་ནས་མཐོང་རྒྱུ་མེད། སྡེ་ཁུལ་གྱི་ལས་དོན་མི་སྣས་སྡེ་ཁུལ་གྱི་འགྲོ་ལམ་ཤར་གཏོང་ཐུབ་པ་དང་། རླངས་འཁོར་འཇོག་ས་བཟོ་བ། རླངས་འཁོར་འཇོག་སར་དོ་དམ་བྱེད་མཁན་བཀོད་སྒྲིག་བྱེད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་གྲོང་མིར་སྐྱིད་སྣང་དོད་པའི་འཚོ་སྡོད་ཁོར་ཡུག་ཅིག་བསྐྲུན་ཡོད། ད་ལྟ་ང་ཚོ་རང་འགུལ་ངང་སྡེ་ཁུལ་གྱི་ཞབས་ཞུའི་ནང་ཞུགས་འདོད་ཆེ་རུ་འགྲོ་ཡི་འདུག ཚང་མས་སྡེ་ཁུལ་སྔར་བས་མཛེས་སྡུག་ལྡན་པ་ཞིག་ཏུ་འཛུགས་སྐྲུན་བྱེད་པའི་རེ་བ་བྱེད་ཀྱི་ཡོད”ཅེས་གྲོང་མི་འཇམ་དཔལ་གྱིས་འཛུམ་དམུལ་དམུལ་ངང་བཤད།
“དུས་རྒྱུན་ང་ཚོས་ཏང་ཡོན་གཅིག་བཀོད་སྒྲིག་བྱས་ཏེ་དུད་སྦྲེལ་ཚན་པའི་མང་ཚོགས་དང་འབྲེལ་བ་བྱས་ནས་འཕྲལ་སྡོམ་གནས་ཚུལ་འོག་རང་སྐྱོང་ལྗོངས་དང་། ལྷ་ས་གྲོང་ཁྱེར། ཁྲེང་ཀོན་ཆུས་བཅས་ཀྱི་སྡེ་ཁུལ་དུ་བཅའ་སྡོད་དམ་ཡང་ན་སྡེ་ཁུལ་དང་འབྲེལ་བ་བྱེད་མཁན་ཚན་པ་དང་མཉམ་དུ་ཁོང་ཚོས་ལས་ཐོག་ཏང་ཡོན་གཅིག་བཀོད་སྒྲིག་བྱས་ནས་སྡེ་ཁུལ་དུ་ཏང་ཡོན་གྱི‘འགན་ལེན་གསུམ’གྱི་ལས་དོན་སྔར་བས་འཐུས་སྒོ་ཚང་དུ་བཏང་ཡོད། ཚོགས་སྒྲིག་རྣམ་པའི་ཏང་ཡོན་གྱི‘འགན་ལེན་གསུམ’གྱི་བྱེད་སྟངས་དེ་རིགས་བརྒྱུད་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་བདེ་བླག་དང་རྒྱུན་མཐུད་ངང་སྤེལ་ཐུབ་པ་བྱུང་ཡོད”ཅེས་དབྱང་ཁྲའོ་ཡས་ངོ་སྤྲོད་བྱས།
སྡེ་ཁུལ་དོ་དམ་གྱི་ལས་དོན་ཁྲོད་བདེ་སྐྱིད་སྡེ་ཁུལ་གྱིས་མང་ཚོགས་སྡེ་ཁུལ་གྱི་བཅོས་སྐྱོང་ལ་ཞུགས་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་པ་དང་། ཏང་ཡོན་གྱིས་མང་ཚོགས་དང་འབྲེལ་བ་བྱེད་པའི་ལམ་སྲོལ་བཟོས་པ། ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་དམངས་འདོད་གཅིག་སྡུད་དང་། དམངས་ཀྱི་སེམས་ཁྲལ་སེལ་བ། དམངས་ཀྱི་ཁེ་ཕན་སྲུང་སྐྱོང་བཅས་དེ་བས་ལེགས་པའི་སྒོ་ནས་བྱས་ཡོད།