དབུ་ཤོག>ཆེད་སྒྲིག
  • “དྲོ་སྐྱིད་ཁང”གི་བདེ་སྐྱིད་ལྡན་པའི་འཚོ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཞུས་ཡུས་ཡའོ།   |     སྤེལ་དུས།  2021-08-27

    ལོ་73ལ་སླེབས་པའི་པ་སངས་བོད་ལྗོངས་མཚོ་ཆེན་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་ཀྱི་ཤེལ་ཁང་ནང་། ཉི་མར་ལྡེ་ནས་ཇ་བསྲུབས་མ་འཐུང་བཞིན་སེམས་ནང་དྲོ་སྐྱིད་ཀྱིས་ཁེངས་ཤིང་། ཁོང་གི་མདུན་དུ། ཐང་ཤ་དོད་པའི་བགྲེས་སོང་མང་པོ་ཞིག་གིས་ལས་དོན་མི་སྣའི་སྣེ་ཁྲིད་འོག གླུ་ལེན་གར་འཁྲབ་བྱས་ནས་དགའ་སྤྲོའི་དཔལ་ལ་རོལ་བཞིན་ཡོད་པ་དང་། འདི་ནི་པ་སངས་ཀྱིས་དེ་སྔ་བསམ་བློར་ཡང་འཁོར་མ་མྱོང་བའི་འཚོ་བ་ཡིན་པ་རེད།

    བུ་ཕྲུག་གཅིག་ཀྱང་མེད་པའི་ཁོང་གཅིག་པུ་དུས་ཡུན་རིང་པོར་མཚོ་ཆེན་རྫོང་སྟག་གདོང་གྲོང་ཚོར་འཚོ་བ་བསྐྱལ། མཚོ་ཆེན་རྫོང་གི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4700ཙམ་ཟིན་གྱི་ཡོད་པས། དགུན་ཁར་གྲང་རླུང་འུར་འུར་དུ་ལྡང་ནས་དྲོད་ཚད་དམའ་ཤོས་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་ཉི་ཤུ་སུམ་ཅུ་ཙམ་ཟིན་གྱི་ཡོད། པ་སངས་ཀྱིས“ཡོང་འབབ་བརྟན་པོ་ཞིག་མེད་པས། ཚེ་མཇུག་གི་འཚོ་བར་བསམ་བློ་གཏོང་སྐབས་སེམས་ཁྲལ་ཡོང་གི་འདུག”ཅེས་བརྗོད།

    2016ལོར། པ་སངས་སྟག་གདོང་གྲོང་ཚོ་ནས་མཚོ་ཆེན་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་སུ་སྤོས་རྗེས། དེ་གའི་སྡོད་ཁང་གསར་པ་དང་། འཐུས་སྒོ་ཚང་བའི་རྨང་གཞིའི་སྒྲིག་བཀོད། འགན་ལེན་ཞབས་ཞུ་ཡག་པོ་བཅས་ལས་ཁོང་གི་སེམས་པ་ལྷོད་དུ་བབས་ཡོད་པ་རེད། ཞོགས་པར། ལས་དོན་མི་སྣས་གཟུགས་པོར་བརྟག་དཔྱད་བྱེད་ཀྱི་ཡོད་པ་དང་། ལྟོ་ཆས་ཟ་བའི་དུས་ཚོད་སླེབས་ཚེ་ཞིམ་ཟས་སྣ་འཛོམས་ཡོད་པ། གཟུགས་པོ་མི་བདེ་བ་སོགས་བྱུང་ཚེ་ལྟ་སྐྱོང་མི་སྣས་གྱོན་ཆས་གཡོག་པ་དང་མགོ་འཁྲུད་པ་སོགས་བྱེད་ཀྱི་འདུག

    “འདི་གར་སྤོས་པ་ནས་བཟུང་འཚོ་བ་དངོས་འབྲེལ་སྐྱིད་སྣང་དོད་དུ་ཕྱིན་སོང་། ཚེ་མཇུག་ལ་འཚོ་བ་འདི་འདྲ་ལོངས་སུ་སྤྱོད་ཡོང་སྙམ་པ་བསམ་པའི་ཡུལ་ལའང་མེད”“མངའ་རིས་ཀྱི་ས་བབ་ཧ་ཅང་མཐོ་བས། འདི་ག་ནི་ནམ་མཁའ་དང་ཐག་ཉེ་ཤོས་ཀྱི‘དྲོ་སྐྱིད་ཁང’དེ་རེད”ཅེས་པ་སངས་ཀྱིས་བཤད་པ་དང་། ལོ་འདི་དག་རིང་། མཚོ་ཆེན་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་ཀྱིས་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་ཞབས་འདེགས་ཞུ་བའི་ཚད་ལྡན་ཅན་གྱི་ནུས་པ་སྔར་བས་ཆེ་རུ་བཏང་ནས་ཞབས་ཞུའི་བརྒྱུད་རིམ་དང་། ལས་ཀའི་དུས་ཚོད། ཚད་གཞི་བཅས་ལ་གཏན་འབེབས་ཞིབ་ཕྲ་བཟོས་ཡོད་པ་རེད།

    བགྲེས་སོང་ཚོའི་འཚོ་བ་དེ་བས་སྐྱིད་སྣང་དོད་པ་ཡོང་ཆེད། ཞབས་ཞུ་ལྟེ་གནས་སུ་ད་དུང་ལྗང་མདོག་བར་མཐོངས་ཤིག་ཀྱང་བསྐྲུན་ཡོད་པ་རེད། “འདི་གའི་བགྲེས་སོང་ཚང་མ་སྔོན་ཆད་འབྲོག་པ་ཡིན་པས་རྟག་ཏུ་ཕྱུགས་འཚོས་ནས་རྩྭ་ཐང་དུ་འཚོ་བ་སྐྱེལ་གྱི་ཡོད་པས་གློ་བུར་དུ་ཐོག་བརྩེགས་ཅན་གྱི་ཁང་པའི་ནང་སྤོས་ཚེ་གོམས་ཁག་པོ་ཡོད” “ལྗང་མདོག་ཡུག་གཅིག་གིས་ཁོང་ཚོ་འདི་གའི་འཚོ་བ་ལ་སྔར་བས་གོམས་པར་བྱེད་ཐུབ” འཚོ་བ་སྐྱིད་སྣང་དོད་ལ་སྨན་བཅོས་བདེ་ཐང་ཞབས་ཞུ་ཡང་ཡག་པོ་ཡོད་ཅེས་མཚོ་ཆེན་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་ཀྱི་ལས་དོན་པ་པད་མ་ཚེ་དབང་གིས་བཤད།

    འདི་ལོ་ལོ་89ལ་སླེབས་པའི་ཚེ་རིང་ནི་མཚོ་ཆེན་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་སུ་ཡོད་པའི་བགྲེས་སོང་གྲས་ཀྱི་ལོ་རྒན་ཤོས་ཡིན་པས་རྟག་ཏུ་ན་ནས་ཆེད་མིས་ལྟ་སྐྱོང་བྱེད་དགོས་ཀྱི་ཡོད་པ་རེད། ཉེ་བའི་ལོ་གཉིས་ནང་། བགྲེས་སོང་ཁོང་ལྷ་སར་གཟུགས་པོར་བརྟག་དཔྱད་དང་སྨན་བཅོས་བྱེད་པར་འགྲོ་སྐབས་ལྟ་སྐྱོང་མི་སྣས་རོགས་པ་བྱས་པ་མ་ཟད། ད་དུང་སྨན་རིན་ཚང་མ་རྩིས་ཞུ་བྱས་ཡོད་པ་རེད། “དངུལ་གྲོན་ཆུང་ཐུབ་པ་མ་ཟད་ད་དུང་སེམས་ཁྲལ་ཡང་བྱེད་དགོས་ཀྱི་མི་འདུག”ཅེས་བགྲེས་སོང་ཚེ་རིང་གིས་བཤད་པ་དང་། སྲིད་ཇུས་ལྟར་ན། བུ་ཕྲུག་མེད་པ་དང་ཡོང་འབབ་བརྟན་པོ་མེད་པ་སོགས་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་རོགས་སྐྱོབ་བསྙེན་བཀུར་གྱི་ཆ་རྐྱེན་འཛོམས་པ་དང་། རང་ཉིད་འགྲོ་འདོད་ཡོད་ན་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་ལ་རེ་ཞུ་བྱེད་ཆོག་གི་ཡོད་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། མཚོ་ཆེན་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་སུ་ཁྱོན་དམིགས་བསལ་དཀའ་ངལ་ཡོད་པའི་བགྲེས་སོང་65ཡོད་པ་རེད།

    “མིག་སྔའི་བར། བོད་རང་སྐྱོང་ལྗོངས་ཀྱི་འདུན་པ་ཡོད་པའི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་100%ཚང་མར་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་བྱེད་ཐུབ་ཡོད་པ་དང་། འཚོ་བའི་ཁ་གསབ་ཚད་གཞི་ཡང་མི་རེར་ལོ་རེར་སྒོར་14196བར་མཐོ་རུ་བཏང་ཡོད”ཅེས་བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་སྤྱི་ཚོགས་རོགས་སྐྱོབ་ཁྲུའི་ཁྲུའུ་ཀྲང་དབྱང་ཞའོ་རུང་གིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།