དབུ་ཤོག>ཆེད་སྒྲིག
  • ནུབ་རྒྱུད་ཀྱི་གནའ་ལམ་ནས་དཔའ་བོའི་ལམ་དུ་གྱུར་པའི་ཁེ་ལི་ཡ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-08-26

    981263_yis_1629907200000_s.jpg

    བྲག་རྡོའི་གུ་དོག་ཤོས་ནི་སྐབས་དེ་དུས་གཞུང་ལམ་སྐྲུན་མཁན་དཔུང་སྡེའི་ཤིང་ཟམ་རྒྱག་ས་ཡིན་ལ་ཁེ་ལི་ཡ་གནའ་ལམ་གྱི་མཚོན་རྟགས་རང་བཞིན་གྱི་ས་ཁོངས་གྲས་ཤིག་ཀྱང་རེད། དེ་སྔའི་ཤིང་ཟམ་ད་ཆ་སྔ་ས་ནས་མཐོང་རྒྱུ་མེད་པར་གྱུར་ཡོད།

    དེ་སྔ་སྔོན་སྐྱོད་ལེན་ཤོག་གིས་ཀྱང་ལམ་དེ་ནས་བསྐྱོད་པ་དང་། མི་འདྲ་བ་ནི་ཁོང་ཚོ་མྱུལ་དཔྱད་ཀྱི་ཆེད་དུ་མིན་པར་བཅིངས་འགྲོལ་གཏོང་ཆེད་རེད།

    ཁོང་ཚོ་ཁེ་ལི་ཡའི་ལ་ཁར་འབྱོར།

    དེ་ནི་ཁུ་ནུ་རི་བོར་སྐྱོད་པའི་འགག་སྒོ་དང་པོ་དེ་རེད།

    རྒྱང་རིང་ལ་བལྟས་ཚེ། བརྗིད་ཆགས་ཀྱི་གངས་རི་གཅིག་ལ་གཅིག་རྒྱུད་དང་སྲིད་པའི་གངས་རི་འགྱིང་ངེར་གནས་ཡོད། རི་འདབས་སུ་སླེབས་སྐབས་གངས་རི་སྤྲིན་གྱི་གསེབ་ཏུ་ཟུག་པ་དང་ཁ་བས་བཀླུབས་པའི་ས་གཞི་མུ་མཐའ་མེད་པས་རི་ཀླུང་ཐམས་ཅད་ཡུག་གཅིག་ཏུ་སྦྲེལ་ནས་ལམ་མཐོང་རྒྱུ་མེད།

    རི་བོ་ཁེ་ལི་ཡའི་གཡང་གཟར་གྱི་མདུན་དུ་འཐབ་འཛིང་པ་ཞིག་གིས“འདི་ནི་བྱ་རྒོད་ཀྱང་འཕུར་དཀའ་བའི་ས་ཆ་ཞིག་རེད”ཅེས་ཤོད་ཀྱི་ཡོད།

    ཡང་མི་ལ་ལས“བྱ་རྒོད་འདིར་འཕུར་ན་གཤོག་པ་ཆག་ངེས་རེད”ཅེས་ཤོད་ཀྱི་ཡོད།

    ཕེང་ཆིན་ཡུན་གྱིས་བློ་རྩ་བརྟན་པོས“བྱ་རྒོད་འཕུར་མ་ཐུབ་ནའང་ང་ཚོ་སྔོན་སྐྱོད་ལེན་ཤོག་སྐྱོད་ཐུབ”ཅེས་བཤད།

    ཕེང་ཆིན་ཡུན་གྱིས་རྐང་པ་གཉིས་རྟ་པོའི་གྲོད་པར་བཅོལ་ནས“སྐར་མདའ་ནག་པོ”ཞེས་འབོད་པས་རྟ་དེས་མགོ་བོ་བཏེགས་ཏེ་རྐང་པ་འབྲད་ཅིང་འཚེར་སྒྲ་གྲགས་པ་དང་ཆབས་ཅིག་རྟ་གཞན་དག་ཀྱང་གངས་རླུང་ཁྲོད་ཀྲོང་ངེར་ལངས། རྔམ་བརྗིད་ཀྱི་རྣམ་པ་དེ་ལས་སྔོན་སྐྱོད་ལེན་ཤོག་གི་ངར་ཤུགས་དེ་མུར་འཕེལ།

    --《བོད་སྐྱོད་དཔའ་བོ་སྔོན་སྐྱོད་ལེན་ཤོག》ཅེས་པ་ལས་དྲངས།

    རི་བོ་ཁེ་ལི་ཡ་ནི་ཁུ་ནུ་རི་རྒྱུད་ཀྱི་རི་བོ་ཞིག་གི་མིང་རེད།

    དེ་ནི་ཁུ་ནུ་རི་རྒྱུད་ཀྱི་ནུབ་རྒྱུད་དུ་གནས་ཤིང་། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དང་བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་མཚམས་སུ་ཆགས་པ་དང་ས་བབ་མཐོ་ཚད་སྨི་5450ཟིན་ཡོད།

    རི་བོ་ཁེ་ལི་ཡ་ནི་བོད་དང་ཤིན་ཅང་དབར་གྱི“རི་མཚམས་ཏ་པན”(སོག་སྐད་ནང“ལ་ཁའི”དོན་ལ་གོ)གཞན་ཞིག་ཡིན་པ་མ་ཟད། ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་གནའ་ལམ་གྱི་མིང་ཞིག་ཀྱང་རེད། ཉེ་བའི་ལོ་ཤས་རིང་། མྱུལ་དཔྱད་བྱེད་མཁན་གྱིས་ཡིད་སྨོན་ཆེན་པོ་བྱེད་པའི“བོད་སྐྱོད་ལམ་ཐིག་ཨང་དགུ་པའི་ལྟེ་བའི་དུམ་བུ”ཞིག་ཡིན་ལ་1950ལོར་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་རྟ་དམག་ཧྲི་ཤོག་གི་སྔོན་སྐྱོད་ལེན་ཤོག་བོད་དུ་དཔུང་སྐྱོད་བྱེད་སྐབས་བརྒྱུད་དགོས་པའི་དཔའ་བོའི་ལམ་ཞིག་ཀྱང་རེད།

    ཧོ་ཐན་ས་ཁུལ་ཡུས་ཐེན་རྫོང་ཨ་ཆང་ཤང་གི་ཕུའུ་ལུའུ་གྲོང་ཚོ་ནི་ཁེ་ལི་ཡ་གནའ་ལམ་ཤིན་ཅང་ས་ཁོངས་ཀྱི་འགོ་འཛུགས་ས་རེད། ཤིས་རི་ཕུའུ·དབྱི་པུའུ་ཏི་ནི་དེ་སྔ་ཕུའུ་ལུའུ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཡིན་པ་དང་ད་ཆ་རྒན་ཡོལ་ཞུས་ཟིན། ཁོང་གིས་ང་ཚོ་གྲོང་ཚོ་ནས་ཤར་ལྷོའི་རི་ལམ་བརྒྱུད་དེ་གནའ་ལམ་གྱི་རྗེས་ཤུལ་འཚོལ་བར་ཁྲིད་བྱུང་།

    རི་སྐེད་ཙམ་དུ་སླེབས་སྐབས་ཤིས་རི་ཕུའུ·དབྱི་པུའུ་ཏིས་རླངས་འཁོར་ཁ་འགོག་ཏུ་བཅུག་ནས་གཤམ་གྱི་ཁོད་སྙོམས་པའི་བགྲོད་ལམ་གྱི་རྗེས་ཤུལ་ཞིག་མཛུབ་མོ་བཙུགས་ཏེ་རྒྱ་སྐད་ཀྱི་ཐོག་ནས“བཅིངས་འགྲོལ་དམག་གི་ལམ། དེ་དངོས་འབྲེལ་བཅིངས་འགྲོལ་དམག་གི་ལམ་རེད”ཅེས་བློ་རྩ་བརྟན་པོས་བཤད་བྱུང་།

    ད་བྱེད་དུས་དེ་ནི་སྔོན་སྐྱོད་ལེན་ཤོག་དང་རྗེས་ཀྱི་ལམ་སྐྲུན་དཔུང་སྡེས་སྔར་ཡོད་གནའ་ལམ་གྱི་ལམ་གཞི་ཁོད་སྙོམས་པ་དང་རྒྱ་ཆེ་རུ་བཏང་རྗེས་ཀྱི་གཞུང་ལམ་གྱི་རྗེས་ཤུལ་རེད་འདུག རི་མཐོའི་རྩྭ་རའི་ཆ་ཤས་ཤིག་ཡིན་པའི་ངོས་ནས་ལྕགས་དྲས་མཐའ་བསྐོར་ཡོད་ལ་སྲུང་སྐྱོང་གི་ནུས་པའང་ཡག་པོ་ཐོན་ཡོད།

    རི་འདབས་སུ་བསྐྱོད་ཚེ། ཁེ་ལི་ཡ་གྲོག་རོང་བལྟོས་བཅས་ཀྱིས་རྒྱ་ཆེ་རུ་ཕྱིན་སོང་། དེ་ནས་ང་ཚོ་སྐད་གྲགས་ཆེ་བའི་ཨ་ལ་ཅའུ་དབྱི་ཁ་ཙི(ས་ཚུགས)གནས་ཡུལ་དུ་སླེབས་བྱུང་།

    ཨ་ལ་ཅའུ་དབྱི་ཁ་ཙེའི་ལམ་བྱང་མངོན་གསལ་དོད་པོ་ཡོད་ཅིང་། མཐོ་ཚད་ལ་སྨི་གཉིས་ལྷག་ཙམ་ཡོད་པ་དང་དམར་སེར་གཉིས་ཀྱི་དཀྱིལ་དུ་གྲངས་ཀ་ཆེན་པོ“9”འཁོད་ཡོད་པ་དེ་ནི་བོད་སྐྱོད་ལམ་ཐིག་ཨང་དགུ་པའི་དོན་ལ་གོ་བ་སྨོས་མེད་རེད། དེའི་སྟེང་དུ་ད་དུང་དཔའ་བོའི་ལམ་བུ་དང་། ཁེ་ལི་ཡ་གནའ་ལམ། ཁུ་ནུ་མཁའ་ལམ་སོགས་འཁོད་ཡོད་པ་དེ་དག་ནི་ཡུས་ཐེན་རྫོང་གིས་གནའ་ལམ་དེར་གཏན་འཁེལ་བྱས་པའི་ངེས་གནས་ཚང་མ་རེད།

    ས་ཚིགས་ཀྱི་རྗེས་ཤུལ་ནི་ཁུངས་མཐུག་པའི་སྐྲུན་དངོས་ཀྱི་ཤུལ་རྙིང་ཞིག་ཡིན་པ་དང་ཉམས་ཆག་བྱུང་ཡང་གཞི་ཁྱོན་ཆེ་བ་དང་། གྱང་དང་སྡོད་ཁང་གི་བཀོད་པ་ཡང་དབྱེ་བ་གསལ་པོ་འབྱེད་ཐུབ་ཀྱི་འདུག བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་དང《ཀྲུང་གོའི་རྒྱལ་ཁབ་ས་ཁམས》དུས་དེབ་ཁང་གིས་བཏོན་པའི《བོད་དུ་སྐྱོད་པའི་ལམ་ཐིག་བརྒྱད》ཅེས་པའི་དེབ་ནང་དེ་ནི་ཁེ་ལི་ཡ་གནའ་ལམ་གྱི་ས་ཚིགས་ཤིག་ཡིན་ལ། མི་ཁ་ཤས་ཀྱིས་གནའ་དུས་དམག་དཔུང་འདུས་སྡོད་བྱེད་སའི་ས་ཚིགས་རེད་ཅེས་བརྗོད་ཀྱི་འདུག ཡང་སྙིང་ལོ་རབས་ག་དུས་བཙུགས་པ་ཁུངས་འདེད་རྒྱུ་མི་འདུག 《ཡུས་ཐེན་རྫོང་གི་ལོ་རྒྱུས》ནང་ས་ཚིགས་དེས་མི་སེར་རྒྱལ་ཁབ་ཀྱི་དུས་སྐབས་སུ་ཡང་ད་དུང་ཞིབ་བཤེར་ས་ཚིགས་ཀྱི་ནུས་པ་ཐོན་ཡོད་ལུགས་བཀོད་ཡོད།

    རླངས་འཁོར་ཆུ་ཚོད་ཕྱེད་ཀ་ཙམ་བསྐྱོད་རྗེས་སྟབས་བདེའི་གཞུང་ལམ་ཞིག་གི་འགྲམ་དུ་ཁ་བཀག་པས་ང་ཚོ་རྐང་ཐང་མར་ཁེ་ལི་ཡ་གཙང་པོའི་འགྲམ་དུ་བསྐྱོད་པ་ཡིན། ཆུ་ལམ་གྱི་བྲག་རྡོའི་གུ་དོག་ཤོས་ནི་སྐབས་དེ་དུས་གཞུང་ལམ་སྐྲུན་མཁན་དཔུང་སྡེའི་ཤིང་ཟམ་རྒྱག་ས་ཡིན་ལ་ཁེ་ལི་ཡ་གནའ་ལམ་གྱི་མཚོན་རྟགས་རང་བཞིན་གྱི་ས་ཁོངས་ཀྱི་གྲས་ཤིག་ཀྱང་རེད། ཤིང་ཟམ་སྔ་ས་ནས་མཐོང་རྒྱུ་མེད་པར་གྱུར་ནའང་ཉེ་འགྲམ་དུ་ཟམ་པ་སྐྲུན་པར་མཁོ་བའི་ལྕགས་གདུང་རྒྱུ་ཆ་མི་ཉུང་བ་ཞིག་སྤུངས་འདུག

    དཔྱད་གཞིའི་ཡིག་རིགས་ལ་གཞིགས་ན། འདི་ནས་བཅིངས་འགྲོལ་དམག་ལམ་སྐྲུན་དཔུང་སྡེས་སྤྱི་ལེ་169ཟིན་པའི་ལམ་གཞི་བཏིང་ནས་བོད་དུ་སྐྱོད་པའི་གཞུང་ལམ་བསྐྲུན་རྩིས་བྱས་མོད། འོན་ཀྱང་རི་ལམ་གཡང་གཟར་ཆེ་དྲགས་པས་རྗེས་སུ་ལམ་བུ་གསར་པ་བཟོས་པ་རེད། ལམ་བུ་གསར་པ་དེ་ནི་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཁ་ཧྲེ་ས་ཁུལ་གྱི་ཡེ་ཁྲེང་ནས་བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་སེང་གེ་ཁ་འབབ་གྲོང་རྡལ་བར་གྱི་ཤིན་བོད་གཞུང་ལམ་ཡིན་པ་དང་དེར་རྒྱལ་ལམ་219ཡང་ཟེར་གྱི་ཡོད།

    ང་ཚོས་མངའ་རིས་སུ་བཅར་འདྲི་བྱེད་རིང་ཤེས་གསལ། མིག་སྔར། བོད་ཀྱི་ས་ཁོངས་ནང་ཁེ་ལི་ཡ་གནའ་ལམ་གྱི་མྱུལ་དཔྱད་རླངས་འཁོར་རུ་ཁག་གིས་སྤྱིར་ན་ཁེ་ལི་ཡ་ལ་ཁ་དང་པང་བཏགས་མཚོ་བརྒྱུད་རྗེས་རུ་ཐོག་རྫོང་ཁོངས་ཀྱི་རི་མཚམས་པན་ཏ་ཉེ་འགྲམ་དུ་བསྐྱོད་དེ་ཤིན་བོད་རྒྱལ་ལམ་219དང་འདྲེས་མཐུད་བྱེད་ཀྱི་ཡོད།

    འོན་ཀྱང་སྐབས་དེ་དུས་སྔོན་སྐྱོད་ལེན་ཤོག་ནི་ཁེ་ལི་ཡ་ལ་ཁ་ནས་ལྷོ་ཕྱོགས་ཀྱི་སྒེར་རྩེའི་ཕྱོགས་སུ་མདུན་སྐྱོད་བྱས་འདུག

    སྟབས་ལེགས་པ་ཞིག་ལ་ང་ཚོ་སྐབས་དེ་དུས་སྔོན་སྐྱོད་ལེན་ཤོག་གིས་སྒེར་རྩེ་རྫོང་ཁོངས་ཀྱི་མི་མེད་ཁུལ་དུ་བཙུགས་པའི་དངོས་ཟོག་བརྒྱུད་འདྲེན་རྟེན་གཞི་དང་པོ་སྟེ། ཆུ་གཉིས་ཆུ་མིག་ཏུ་བདེ་བླག་ངང་འབྱོར་བྱུང་། འདི་ནི་བྱང་ཐང་གི་ལྟེ་བ་ཡིན། ཆུ་གཉིས་ཆུ་མིག་གི་ནུབ་བྱང་ནས་བལྟས་ཚེ། མུ་མཐའ་མེད་པའི་གནམ་སའི་བར་རླངས་འཁོར་གྱི་འཁོར་ཤུལ་ཙམ་ལས་མཐོང་རྒྱུ་མེད། དེ་ནི་བྱང་རྩྭ་ཐང་རང་བྱུང་སྲུང་སྐྱོང་ཁུལ་གྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ས་ཚིགས་ཀྱི་སྐོར་གཡེང་རླངས་འཁོར་གྱིས་བཞག་པའི་རྗེས་ཤུལ་རེད།

    ཁེ་ལི་ཡ་གནའ་ལམ་ནི་དཀའ་ངལ་དང་ཉེན་ཁ་ཆེ་བའི་ལམ་བུ་ཞིག་དང་ངོ་མཚར་གཏོད་པའི་ལམ་བུ་ཞིག་ཡིན་ལ་སྔོན་སྐྱོད་ལེན་ཤོག་བསྐྱོད་མྱོང་བའི་དཔའ་བོའི་ལམ་བུ་ཞིག་ཀྱང་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།